གོ་རམས་པ་བསོད་ནམས་སེང་གེའི་རྣམ་ཐར།

སྤེལ་དུས།  2017-12-14   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  མི་ཉག་མགོན་པོ།   ཀློག་གྲངས།  

མཁས་ཆེན་གོ་རམས་པ་བསོད་ནམས་སེང་གེ་ནི། རབ་བྱུང་བདུན་པའི་ས་བྱ ༡༤༢༩ ལོ་ལ་མདོ་ཁམས་འབོམ་ཞེས་པའི་ཡུལ་ཏུ་སྐུ་བལྟམས། དགུང་ལོ་བརྒྱད་པའི་དུས་སུ་བླ་མ་ཀུན་དགའ་འབུམ་གྱི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བླངས། ཡི་གེ་སྦྱོར་ཀློག་དབུ་བཙུགས་ཏེ། རིམ་གྱིས་བྱམས་ཆོས་སྡེ་ལྔ་དང་རོང་ཊིཀ་ཆ་ཚང་། གཡག་ཊིཀ་ཆེན་མོ་སོགས་ཐུགས་འཛིན་མཛད། དགུང་གྲངས་བཅུ་གསུམ་པར་ཀྱེ་རྡོ་རྗེ་སོགས་སྔགས་ཀྱི་དབང་ལུང་མང་པོ་ཞུས། དགུང་ལོ་བཅུ་དགུ་པར་གཙང་ཏུ་གྲྭ་སྐོར་ལ་ཕེབས། རོང་སྟོན་ཆོས་རྗེ་ཉི་མ་དང་། བླ་མ་ཤེས་རབ་དཔལ་སོགས་ལ་དབང་ལུང་མང་པོ་ཞུས། དགུང་ལོ་ཉེར་ལྔ་པར་ཨེ་ཝཾ་དགོན་དུ་འཇམ་དབྱངས་ཀུན་དགའ་བཟང་པོའི་མདུན་ལོ་གསུམ་རིང་རྒྱུད་སྡེ་བཞི་སོགས་གསང་སྔགས་གྱི་ཆོས་མང་པོ་གསན། དགུང་ལོ་ཉེར་བདུན་པར། མཁན་པོ་མུས་ཆེན་མདུན་ནས་བརྙེན་རྫོགས་ཀྱི་སྡོམ་པ་བཞེས། དཀོན་མཆོག་རྒྱལ་མཚན་དྲུང་དུ་ལམ་འབྲས་གཞུང་བཤད་གསན་པ་སོགས། མཁས་ཆེན་གྱི་སློབ་དཔོན་བཅོ་བརྒྱད་ཙམ་བསྟེན་པས། མདོ་སྔགས་རིག་གནས་རྒྱ་མཚོའི་ཕ་རོལ་དུ་སོན་ཅིང་། གངས་ཅན་མཁས་མང་ཀུན་གྱི་གཙུག་གི་རྒྱན་ཏུ་གྱུར། ཁོང་དགུང་གྲངས་སོ་གཅིག་བཞེས་པ་ན་ཁམས་སུ་ཕེབས་དགོས་དགོངས་ནས། རྩ་བའི་བླ་མ་མུས་ཆེན་ལ་ཞུས། བླ་མས་གཙང་དུ་བཞུགས་ནས་འགྲོ་བའི་དོན་སྒྲུབས་ཤིག་ཅེས་གདམས་པས་ཁམས་སུ་ཕེབས་རྒྱུ་མ་གྲུབ། དེ་ནས་མུས་པ་ཆེན་པོས་ཁོང་ལ་ཆོས་འཆད་ཉན་མཛད་པའི་བདག་རྐྱེན་མ་ལུས་པ་གནང་ནས་ཆོས་ཀྱི་འཁོར་ལོ་སྐོར་དུ་བཅུག ལུང་རིགས་སྨྲ་བའི་སློབ་མ་ལྔ་བརྒྱ་ཙམ་ལ་གུར་དང་སྡོམ་གསུམ་སོགས་སྔགས་ཀྱི་བཤད་པ་མཛད། ཀུན་རིག ཀྱེ་རྡོ་རྗེ། གསང་འདུས་སོགས་ལ་ལོག་སྨྲའི་རྒོལ་བ་མ་ལུས་པ་ཚར་བཅད། དེ་ནས་བློ་གསལ་གྲྭ་མང་ཚོགས་པ་རྒྱ་མཚོ་ལྟ་བུའི་དབུས་སུ་མདོ་ཕྱོགས་ཀྱི་བཤད་པ་ཉིན་རེ་ཆོས་ཐུན་བཅུ་རེ་ཙམ་མཛད། བློ་གསལ་གྲྭ་ཚོགས་བརྒྱད་བརྒྱ་ལྷག་ཏུ་འཕེལ། དགུང་ལོ་ང་གཅིག་པར་ས་སྐྱར་ཕེབས་ནས། རྟེན་ཁྱད་འཕགས་རྣམས་དང་དགེ་འདུན་གྲྭ་མང་ཡོངས་ལ་མཆོད་པ་དང་བསྙེན་བཀུར་རྒྱ་ཆེན་མཛད། དགུང་ལོ་ང་གསུམ་པར་ཨེ་ཝཾ་ཆོས་ལྡན་དུ་ཕེབས་ནས་གདན་ས་ལོ་ལྔ་བཟུང་། དགུང་ལོ་ང་བརྒྱད་བཞེས་ཚེ་རྒྱལ་མཚན་དཀོན་མཆོག་འཕེལ་གདན་སར་བཀོད་ནས་ཁོང་ཟུར་བཞུགས་མཛད། དགུང་གྲངས་དྲུག་ཅུར་ཕེབས་པ་ས་ཕོ་སྤྲེལ་ལོའི་ཟླ་བ་བཅུ་གཅིག་པའི་ཚེས་དགུའི་ཉིན་ས་སྐྱར་ཕེབས་ཏེ། རྟེན་གཞུགས་རྣམས་ལ་མཆོད་སྤྲིན་རྒྱ་མཚོ་ལྟར་ཕུལ། དགུང་ལོ་རེ་གཅིག་བཞེས་པ་རབ་བྱུང་བརྒྱད་པའི་ས་བྱ ༡༤༨༩ ལོའི་ཟླ་བ་ལྔ་བའི་ཚེས་བཅུ་དགུ་ལ་སྐུ་སྙུང་བའི་ཚུལ་བསྟན། ཚེས་ཉེར་གཅིག་གི་སྔ་དྲོར་ས་སྐྱ་དགོན་དུ་སྐུ་གཤེགས་སོ། །ཁོང་གི་གསུང་རབ་ནི། བསྟོད་ཚོགས་དང་རྟགས་འཇུག་གི་ཊི་ཀ  ཚད་མའི་སྐོར་དང་། དབུ་མའི་སྐོར་གྱི་བཤད་པ། གསང་སྔགས་ཀྱི་སྐོར་སོགས་བསྟན་བཅོས་དྲུག་བཅུ་རེ་བརྒྱད་ཡོད་པ་པོ་ཏི་ཀ་ནས་པའི་བར་བཅུ་གསུམ་ཏུ་བསྡུས་ཏེ་སྡེ་དགེར་ཤིང་དཔར་བརྐོས་ཡོད་ཅིང་། ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་དུ་སྡེ་དགེ་པར་མ་པོ་ཏི་བཅུ་གསུམ་ཆ་ཚང་བཞུགས་སོ། །

རྩོམ་སྒྲིག་པ། འཇམ་དབྱངས།

བརྒྱུད་འགོད།
0