དཔའ་རིས་བློ་བཟང་རབ་གསལ་གྱི་རྣམ་ཐར་མདོར་བསྡུས།

སྤེལ་དུས།  2017-12-14   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  མི་ཉག་མགོན་པོ།   ཀློག་གྲངས།  

དགེ་བའི་བཤེས་གཉེན་དཔའ་རིས་བློ་བཟང་རབ་གསལ་ལམ་བློ་གྲོས་རབ་གསལ་ནི། ཀན་སུའུ་ཞིང་ཆེན་དཔའ་རིས་རྫོང་ཁོངས་ཡར་ལུང་ཐོས་བསམ་དར་རྒྱས་གླིང་གི་ལྟག་ཀིའི་དགོན་པའི་མཛོ་བུར་གོང་མའི་བྷུ་ཚང་དུ་རབ་བྱུང་བཅུ་བཞི་པའི་ལྕགས་བྱི་ལོ ༡༨༤༠ལ་འཁྲུངས། སྐུ་གཞོན་ནུའི་དུས་ནས་མཚན་ཉིད་ཐེག་པའི་གཞུང་ཆེན་པོད་ལྔ་དང་། རིག་གནས་ཆུང་བ་ལྔ་ལ་སྦྱངས་པ་མཐར་ཕྱིན་པ་མཛད་རྗེས། སྐུ་འབུམ་བྱམས་པ་གླིང་དུ་དཀའ་ཆེན་བཞིའི་གྲྭ་སྐོར་མཛད་དེ། མདོ་སྟོད་སྨད་དང་བོད་དབུས་གཙང་བཅས་སུ་མཁས་དབང་དཔའ་རིས་རབ་གསལ་ཞེས་ཡོངས་སུ་གྲགས་པའི་མཁས་པ་ཆེན་པོ་གྱུར། གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་འཇུ་མི་ཕམ་རིན་པོ་ཆེས་སླར་ཡང་དགག་པའི་ཚུལ་གྱིས་དོགས་སློང་གནང་བ་དེ་ལ་ཡང་ལན་མཛད་པ་སོགས་མཁས་པའི་ནང་ན་མཁས་པ་མཛེས་པའི་དཔེ་ལྟར་ཕན་ཚུན་ཐུགས་མཐུན་དགྱེས་སྤྲོའི་རྣམ་པ་ཤ་སྟག་ལས། གྲུབ་མཐའི་ཕྱོགས་ཞེན་དང་ཆགས་སྡང་རང་རྒྱལ་གཞན་ཕམ་གྱི་ཀུན་སློང་ངན་པས་མཛད་པ་གཏན་ནས་མེད་པ་ནི། མཁས་དབང་རྣམ་པ་གཉིས་ཀྱིས་དྲི་བ་དྲི་ལན་ཡང་ལན་རྩོམ་ཡིག་རྣམས་ལ་གཟིགས་ན་གསལ། རྒྱུ་མཚན་དེ་འདྲའི་རྐྱེན་ལ་བརྟེན་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་རྒྱ་ཡུལ་དུ་ཕེབས་པའི་ལམ་ཞོར་སྐུ་འབུམ་གདན་ས་ཆེན་པོར་རྒྱུན་རིང་བཞུགས་སྐབས། དགེ་བའི་བཤེས་གཉེན་ཆེན་པོ་འདི་ཉིད་སྐུ་འབུམ་དགོན་པར་གདན་ཞུས་གནང་ཐོག་༼    སྒྲ་མདོ་དབྱངས་ཅན་མའི་ས་རིས་དང སྙན་ངག་མེ་ལོང་སྡེབ་སྦྱོར་ ༽ བཅས་གསན་བཞེས་གནང་། དགེ་བའི་བཤེས་གཉེན་ཆེན་པོ་འདི་ཉིད་ཆེན་པོའི་གོ་སར་བཞུགས་པའི་སྤྲུལ་སྐུ་དང་བླ་ཆེན་གྱི་གྲས་མིན་པར་གྲྭ་རྐྱང་དཀྱུས་མ་ནས་རིམ་བཞིན་གནས་ལྔ་མཁྱེན་པའི་པཎྜི་ཏ་ཆེན་པོར་གྱུར་པ་ཞིག་ཡིན་ཞིང་། རབ་བྱུང་བཅོ་ལྔ་པའི་ཆུ་བྱི་ལོར་༡༩༡༢གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ། །ཁོང་གི་གསུང་རྩོམ་སྐོར་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་དུ་པོད་གཅིག་བཞུགས་ཡོད་དོ།།

རྩོམ་སྒྲིག་པ། འཇམ་དབྱངས།

བརྒྱུད་འགོད།
0