རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་རྣམ་ཐར།

སྤེལ་དུས།  2017-12-14   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  མི་ཉག་མགོན་པོ།   ཀློག་གྲངས།  

རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ནི། ས་སྐྱ་དང་ཉེ་བའི་སའི་ཆ་རེད་མདའ་ཁང་སོར་བློན་པོ་འགར་སྟོང་བཙན་ཡུལ་བསྲུང་གི་བརྒྱུད་དུ་ཡབ་བཀྲ་ཤིས་རྒྱལ་མཚན་དང༌། ཡུམ་དབང་ཕྱུག་སྐྱིད་གཉིས་ཀྱི་སྲས་སུ་ས་མོ་གླང་ལ་སྐུ་འཁྲུངས། རྒྱལ་སྲས་འདི་ཡུམ་གྱི་ལྷུམས་སུ་ཞུགས་པའི་ཚེ་ཡུམ་ལ་ཉི་ཟླ་ཤར་བ་དང༌། སྒྲོན་མ་མེ་སྦར་བ་དང༌། གཙུག་ལག་ཁང་བཞེངས་པ་སོགས་རྨི་ལྟས་བཟང་པོ་བྱུང༌། རྒྱལ་སྲས་འདི་བཙས་པའི་ཚེ་ཡང་ངོ་མཚར་བའི་ལྟས་མང་དུ་བྱུང༌། དེ་ནས་རྒྱལ་སྲས་གཞོན་ནུ་དེ་ཡབ་ཡུམ་གཉིས་ཀྱིས་འོ་མ་དང་། ཞོ་དང༌། མར་གྱི་ཉིང་ཁུ་སོགས་ཀྱིས་བསྐྱེད་བསྲིངས་ཏེ་མཚན་ཡང་བཙུན་ནེ་ཞེས་བྱ་བར་གསོལ་ཏེ། སྨྲ་ཤེས་དོན་གོ་ཚུན་ཆད་དཀོན་མཆོག་གསུམ་གྱི་སྒྲ་ཐོས་པའམ། རྟེན་མཐོང་བ་ན་དད་ཅིང་གུས་པ་ཆེར་སྐྱེ་བ་བྱུང༌། རྒྱས་སྲས་འདི་ཆུང་ངུའི་དུས་ན་ཡབ་ཡུམ་གཉིས་ཀ་འདས་པས་ཨ་ནེ་མོ་བཀྲ་ཤིས་འབུམ་བྱ་བས་བསྐྱངས། རྒྱལ་སྲས་བདག་ཉིད་ཆེན་པོ་འདིས་བྱིས་པའི་དུས་སུ། ཨ་ནེ་ལ། ང་ཡང་ན་ས་སྐྱ་དཔོན་ཆེན་གྱི་ལག་རྟགས་བླངས་ནས་བོད་ཁམས་བདེ་ལ་འགོད། ཡང་ན་བསྟན་པའི་སྒོར་ཞུགས་ཏེ་སངས་རྒྱས་ཀྱི་བསྟན་པ་ཉིན་མོ་ལྟར་གསལ་བར་བྱེད་གསུངས་པས། ཨ་ནེ་ན་རེ། བཙུན་ནེ་བློ་བོ་ཆེ་ཁྱོད་ཀྱིས་དེ་ལྟར་ཨེ་ཡོང་ཞེས་ཟེར་ཞིང༌། དེ་ནས་བཟུང་སྟེ་རྒྱལ་སྲས་གཞོན་ནུ་འདི་ལ་བཙུན་ནེ་བློ་བོ་ཆེ་ཞེས་འབོད་པ་བྱུང༌། དེ་ནས་རྒྱལ་སྲས་གཞོན་ནུ་དེ་སྐྱེས་རབས་མང་པོར་ཆོས་ལ་སྦྱངས་པའི་བག་ཆགས་བརྟས་པས་བྱིས་པ་གཞན་དག་ནུ་ཞོ་ལེན་པ་དང་འཁྲུལ་པའི་རྩེད་མོ་ལ་བསླབ་མི་དགོས་པར་ངང་གིས་འཇུག་པ་ལྟར། རྒྱལ་སྲས་འདི་དམ་པའི་ཆོས་འཚོལ་བ་ལ་ངང་གིས་འཇུག་པ་ཞིག་བྱུང་སྟེ། འཕགས་ཆེན་ཆོས་བཟང་དཔལ་ལ་སྐྱབས་འགྲོ་སེམས་བསྐྱེད་དང༌། བསྙེན་གནས་ཀྱི་སྡོམ་པ་དང༌། ཐུགས་རྗེ་ཆེན་པོའི་ཆོས་སྐོར་མང་དུ་ཞུ་བར་མཛད། དེ་ནས་རྒྱལ་སྲས་འདིའི་ཐུགས་ལ་དལ་བའི་རྟེན་བཟང་པོ་ལན་ཅིག་ཐོབ་པའི་དུས་འདིར་སྔོན་བྱོན་དམ་པའི་རྗེས་སུ་ཞུགས་ཏེ་ཐོས་བསམ་སྒོམ་གསུམ་མཐར་ཕྱིན་པ་ཞིག་མ་བྱས་ན་ཡིད་བཞིན་གྱི་ནོར་བུའི་གླིང་ནས་ལག་སྟོང་དུ་ལྡོག་པ་ལྟར་དལ་འབྱོར་ཐོབ་པ་དོན་མེད་དུ་འགྱུར་ཞིང༌། དེ་ཡང་ཁྱིམ་དུ་གནས་པ་ནི་ཉེས་པ་དང་ཉོན་མོངས་པ་དུ་མའི་འབྱུང་གནས། སྡུག་བསྔལ་དུ་མས་གཟིར་བའི་བཙོན་ར་དང་འདྲ་བ་འདི་ལས་མྱུར་དུ་ཐར་བར་བྱས་ནས་ཆོས་རྣམ་དག་ཅིག་བྱའོ་སྙམ་དུ་དགོངས་ནས་ངེས་འབྱུང་གི་བསམ་པ་ཤུགས་དྲག་པོས་དགུང་ལོ་བཅོ་བརྒྱད་པ་ལ་ས་བཟང་པཎ་ཆེན་གྱི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་མཚན་གཞོན་ནུ་བློ་གྲོས་སུ་བཏགས། དེ་ནས་མཁས་པའི་དབང་བོ་ཉ་དབོན་ཀུན་དགའ་དཔལ་བ་དང༌། ལུང་རིགས་སྨྲ་བ་མཁན་ཆེན་སངས་རྒྱས་དཔལ་བ་གཉིས་ལ་གཏུགས་ཏེ་ཚད་མ་རྣམ་འགྲེལ་ལ་སྦྱངས་པས་དྲི་མ་མེད་པའི་རིགས་པས་རྟོག་གེའི་ཚིག་དོན་བརྒྱད་ལེགས་པར་རྟོགས་ནས་མཁས་པའི་གྲགས་པས་ཁྱབ་པར་མཛད། དེ་རྗེས་སྡེ་བདུན་མདོ་འགྲེལ་དང་བཅས་པ་ལ་སྦྱངས་ཤིང༌། མཁྱེན་རབ་དབང་ཕྱུག་ས་སྐྱ་པཎྜི་ཏ་དང༌། འུ་ཡུག་པ་རིགས་པའི་སེང་གེའི་ལེགས་བཤད་རྣམས་ལའང་གཟིགས་པས། དཔལ་ལྡན་ཆོས་ཀྱི་གྲགས་པའི་གཞུང་ལུགས་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་དེ་རྣམ་འགྲེལ་གྱི་ཊཱིཀྐ་ཆེ་ཆུང་གཉིས་སྤྱི་དོན་དང་བཅས་པའང་མཛད། དེ་ནས་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པ་ལ་ལེགས་པར་སྦྱངས་པས། རིང་པོར་མ་ལོན་པར་མཁས་པའི་ཕུལ་དུ་ཕྱིན་པར་གྱུར། གཞན་ཡང་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པ་སོགས་ལའང་ཕར་ཕྱིན་གསན། ཁྱད་པར་དུ་ཉི་ཁྲི་སྣང་བ་དང༌། བརྒྱད་སྟོང་འགྲེལ་ཆེན་འབྲེ་མར་གྱི་ཊཱིཀྐ་རྣམས་ལའང་ཞིབ་ཏུ་གཟིགས་པས། འཕགས་སེང་གཉིས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་དེ། ཕར་ཕྱིན་གྱི་ཊཱིཀྐ་དང༌། དོན་བདུན་ཅུ་ལ་རྣམ་བཤད་ཀྱང་མཛད། དེ་ནས་ཆོས་ཐམས་ཅད་ཀྱི་མ་མོ་མངོན་པའི་སྡེ་སྣོད་གསན་པར་དགོངས་ནས། ལོ་ཆེན་བྱང་ཆུབ་རྩེ་མོའི་ཞབས་ལ་བསྟེན་ཏེ། མངོན་པ་གོང་འོག་ཚར་མང་དུ་གསན་ཅིང༌། ས་སྡེ་ལྔ་དང་སྡོམ་རྣམ་པ་གཉིས། པྲཱ་ཀཱ་ར་ཎ་སྡེ་བརྒྱད་འགྲེལ་བཤད་དང་བཅས་པ་ལ་གཟིགས་ཤིང༌། མཁས་པའི་དབང་པོ་དཔང་ལོའི་ལེགས་བཤད་རྣམས་ལའང་གཟིགས་པས། ཐོགས་མེད་སྐུ་མཆེད་ཀྱི་བཞེད་པ་ཇི་བཞིན་ཐུགས་སུ་ཆུད་ནས། མངོན་པ་གོང་འོག་གི་ཊཱིཀྐ་བསྡུས་དོན་དང་བཅས་པ་མཛད། དེ་ནས་མཁན་ཆེན་ལྡོག་ལོག་པ་ཀུན་དགའ་བཟང་པོའི་དྲུང་དུ་བྱོན་ཏེ། མཁན་སློབ་དགེ་འདུན་དང་བཅས་པའི་དབུས་སུ་བསྙེན་པར་རྫོགས་ཏེ། མཁན་ཆེན་པའི་དྲུང་དུ་མདོ་རྩ་བ་ཚར་གཅིག་གསན་པས། མཁན་ཆེན་པའི་ཞལ་ནས་འདུལ་བ་ངེད་ལས་ཁྱེད་མཁས་པར་བྱུང་བར་གདའ་བས་ཆོས་བདག་པོ་ལ་འཕྲོད་དོ་གསུངས། མཁན་ཆེན་འདིས་བསྐུལ་ནས་མདོ་རྩའི་ཊཱིཀྐ་དང༌། ལས་ཆོག་ཀྱང་མཛད་དེ་ཕྱིན་ཆད་ནས་དབྱར་གནས་དང་གསོ་སྦྱོང་དགག་དབྱེ་གསུམ་འཆག་མེད་དུ་མཛད་དོ། །དེ་ནས་དབུ་མའི་གཞུང་ལ་སྦྱོང་བར་བཞེད་དེ་ཆོས་རྗེ་བྱང་སེང་བའི་དྲུང་དུ་དབུ་མ་རིགས་ཚོགས་དང༌། བཞི་བརྒྱ་པ། འཇུག་པ་སོགས་དབུ་མའི་སྐོར་རྣམས་གསན་ཏེ། དཀོན་མཆོག་ལ་གསོལ་བ་བཏབ་ཅིང་ཡང་ཡང་དཔྱད་པས། སྔོན་གྱི་སྨོན་ལམ་དང་དཀོན་མཆོག་གི་བྱིན་རླབས་ལ་བརྟེན་ནས་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་དེ་དབུ་མ་རྩ་བ་ཤེས་རབ་དང༌། དབུ་མ་ལ་འཇུག་པ་དང༌། བཞི་བརྒྱ་པ་གསུམ་ལ་ཊཱིཀྐ་མཛད་ཅིང༌། རྩ་ཤེའི་འགྲེལ་པ་ཚིག་གསལ་ལ་སྤྱི་དོན་ཡང་མཛད་དོ།།

དེ་ནས་བདག་ཉིད་ཆེན་པོ་འདི་དང་འདིའི་རྗེས་སུ་སློབ་པ་ཐམས་ཅད་ཀྱིས་དབུ་མ་ལ་འཆད་ཉན་མཛད་པས་དབུ་མའི་སྲོལ་ལེགས་པར་གཏོད་དེ་ཁོ་བོས་བསྟན་པ་ལ་བྱ་བ་བྱས་པ་ཡིན་ཞེས་གསུངས་སོ། །དེ་རྗེས་ཐེག་པའི་ཡང་རྩེ་རྡོ་རྗེ་ཐེག་པ་ལ་འཇུག་པར་དགོངས་ནས། ལོ་ཆེན་བྱང་ཆུབ་རྩེ་མོའི་དྲུང་དུ་གསང་བ་འདུས་པ་མི་སྐྱོད་པའི་དབང་ཞུས་ཏེ་གསང་མཚན་མི་བསྐྱོད་རྡོ་རྗེར་བཏགས། ལོ་ཆེན་སྐྱབས་མཆོག་དཔལ་བཟང་པོའི་དྲུང་དུ་རྒྱུད་ཀྱི་བཤད་པ། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པའི་དྲུང་དུ་དཔལ་གསང་བ་འདུས་པའི་འགྲེལ་པ་སྒྲོན་གསལ་ཆ་ལག་དང་བཅས་པ་ཞིབ་པར་གསན་ཅིང༌། ཀྱཻ་རྡོ་རྗེའི་མན་ངག་ལམ་འབྲས་བུ་དང་བཅས་པ་སོགས་སྔགས་ཀྱི་ཟབ་ཆོས་མང་དུ་གསན། ས་བཟང་པཎ་ཆེན་གྱི་དྲུང་དུ་བདེ་མཆོག་གི་དབང༌། ལོ་ཆེན་སྐྱབས་མཆོག་པ་ལ་རྡོ་རྗེ་ཕྲེང་བ། འཇམ་རྡོར། འཇིག་རྟེན་དབང་ཕྱུག །ས་སྐྱ་པའི་རྡོ་རྗེ་གཞོན་ནུ། རིམ་ལྔ་མདོར་བྱས། སྤྱོད་བསྡུས་སྒྲོན་མ་སོགས་གསན་ཅིང༌། ས་སྐྱ་པ་དང་བུ་སྟོན་རིན་པོ་ཆེ་ལ་སོགས་པའི་ཡིག་ཆ་རྣམས་ལའང་ཡང་དག་པར་གཟིགས་ཏེ། དཔལ་གསང་བ་འདུས་པའི་རྒྱུད་འགྲེལ་ཆ་ལག་དང་བཅས་པ་ཐུགས་སུ་ཆུད་ནས། རྩ་རྒྱུད་ལ་ཊཱིཀྐ། མངོན་རྟོགས། བདག་འཇུག་མཆོད་ཕྲེང༌། རིམ་ལྔའི་བསྡུས་དོན་སོགས་མཛད་ཅིང༌། གཞན་ཡང་རྒྱུད་བླ་མ། བཤེས་སྤྲིང༌། ལུང་ཀུན་ལས་བཏུས་པ་རྣམས་ལ་ཊཱིཀྐའང་མཛད་དོ། །རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ་གྱི་དྲུང་དུ་སྨོན་འཇུག་གཉིས་ཀྱི་སེམས་བསྐྱེད། བློ་སྦྱོང་ལ་སོགས་པའི་ཆོས་སྐོར་མང་དུ་ཞུ་བར་མཛད་དོ། །རྒྱལ་སྲས་བདག་ཉིད་ཆེན་པོ་འདི་ནི་དམ་པའི་ཆོས་འཚོལ་བ་ལ་ངོམས་པ་མེད་པས་མདོ་སྔགས་ཀྱི་ཆོས་འཚོལ་ཕྱིར་བཤེས་གཉེན་ཇི་ཙམ་བསྟེན་པ་ནི། ཉིད་ཀྱི་ཞལ་ནས། སྐྱེ་དགུའི་གཙུག་རྒྱན་ཆོས་རྗེ་བསོད་རྒྱལ་དང༌། །རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ། །མ་ཏི་པཎ་ཆེན་པཎ་ཆེན་བྱང་རྩེ་དང༌། །མཁས་པའི་དབང་པོ་ཉ་དབོན་ཀུན་དགའ་སོགས། །བཀའ་དྲིན་མནོས་པའི་བླ་མ་བཅུ་ཕྲག་གཉིས། །ཡུན་རིང་འབད་དེ་གུས་པས་གཙུག་གིས་བསྟེན། །ཞེས་གསུངས་ཏེ། མདོར་ན་བདག་ཉིད་ཆེན་པོ་འདིས་བཤེས་གཉེན་དུ་མ་ལ་བརྟེན་ཏེ་མདོ་སྔགས་མ་ལུས་པའི་ཚིག་དོན་ལ་མཁས་པར་མཛད་དེ་སྐལ་བ་དང་ལྡན་པ་རྣམས་ལ་ཆོས་ཀྱི་འཁོར་ལོའང་རྒྱ་ཆེན་པོ་བསྐོར་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བར་མཛད་དོ། །མཁས་པ་ཆེན་པོ་འདིས་དབུས་ཕྱོགས་སུ་བྱོན་ནས་རྗེ་བཙུན་ཙོང་ཁ་པ་ཆེན་པོ་དང་ཞལ་འཛོམ་སྟེ་གནམ་རྩེར་ལྡེང་དང༌། བྱང་རྭ་སྒྲེང་དང༌། སྐྱིད་ཤོད་ཀྱི་སའི་ཆ་མང་པོ་དང༌། གཙང་སྟག་ཚང་རྫོང་ཁ་སོགས་སུ་ཡབ་སྲས་གཉིས་ཞལ་འཛོམ་སྟེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ནས་རྒྱལ་བའི་བསྟན་པ་གཞི་ནས་གསོ་བར་མཛད་པའི་ཚུལ་ཞིབ་པར་ནི་རྗེ་རིན་པོ་ཆེའི་རྣམ་ཐར་དུ་གསལ་བ་ལྟར་རོ། །དེ་ནས་རྗེ་བཙུན་རེད་མདའ་བ་ཆེན་པོ་འདིས་སྔོན་བྱོན་དམ་པའི་རྣམ་ཐར་ལྟར་མང་དུ་ཐོས་པའི་དོན་སྒྲུབ་པ་སྙིང་པོར་མཛད་བཞེད་ནས་རྙེད་བཀུར་སྙན་གྲགས་འཁོར་ལོངས་སྤྱོད་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་དུ་དོར་ཏེ་ཉིད་ཀྱི་རྗེས་སུ་སློབ་པ་ཚེ་བློས་བཏང་ཞིང་ངེས་འབྱུང་གི་བསམ་པ་ཤུགས་དྲག་པོས་རྒྱུད་བསྐུལ་ཏེ་ཐེག་པ་མཆོག་གི་ལམ་ལ་སྒྲུབ་པ་སྙིང་པོར་བྱ་འདོད་པ་འགའ་ཞིག་དང་བཅས་གངས་བུ་ལེ་དཀར་པོའི་གཡས་མགུལ་གཡུ་ལུང་རྡོ་རྗེ་ལྗོངས་སུ་ལོ་ལྔའི་བར་དུ་སྐུ་མཚམས་ལ་བཞུགས་ཏེ་མདོ་སྔགས་ཀྱི་ལམ་ཡོངས་སུ་རྫོགས་པ་ལ་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་ལམ་ཐུན་མོང་བ་དང་ཐུན་མོང་མིན་པ་སྔགས་ཀྱི་ལམ་རིམ་གཉིས་ལ་མྱོང་བ་ཕུལ་ཕྱིན་ཐོན་ཏེ་ལྷག་པའི་ལྷ་མང་པོའི་ཞལ་གཟིགས་པ་དང༌། ཏིང་ངེ་འཛིན་གྱི་སྒོ་མང་པོ་འཁྲུངས་པ་དང༌། རང་དང་གཞན་གྱི་ཚེ་རབས་བརྒྱ་སྟོང་དྲན་པ་དང༌། སངས་རྒྱས་ཀྱི་ཞིང་མང་པོར་བགྲོད་ནུས་པ་སོགས་རྒྱལ་བས་བསྔགས་པའི་རྟོགས་པ་མཆོག་ཐོབ་པར་གྱུར་ཏོ། །དེ་ལྟ་ནའང་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་བསླབ་པའི་ཕྱིར་དབེན་པ་འབའ་ཞིག་ལ་ཐུགས་དགྱེས་པའི་ཚུལ་མཛད་དེ་སྒྲུབ་པ་རྩེ་གཅིག་ཏུ་མཛད་བཞེད་པའི་གསུང་འདི་ལྟར་བྱོན་ཏེ། གང་ཞིག་ལེགས་གསུངས་དམ་ཆོས་འདུལ་བ་ལ། །རབ་ཏུ་བྱུང་ནས་ལེགས་པར་མི་སྡོམ་ཞིང༌། །ཐུབ་པའི་བཀའ་ལུང་ཚུལ་མིན་འདའ་བྱེད་པའི། །དགེ་སྦྱོང་དེ་དག་འཇིག་རྟེན་ཆོམ་རྐུན་ཡིན། །འཁྱོག་པོར་སྨྲ་ལ་གཞན་དག་བརླིངས་པོར་སེམས། །ངག་མི་བཙུན་པ་དགེ་སྦྱོང་ཚུལ་མིན་པས། །གྱ་གྱུའི་སེམས་དང་དེ་ཡི་ཚུལ་སྤངས་ཏེ། །གསོང་པོར་སྨྲ་ལ་ཁོ་བོ་རྟག་ཏུ་བརྟེན། །འཛེམ་མེད་སྨྲ་ལ་གཞན་དག་སྤོབས་པར་སེམས། །ངག་མི་སྡོམ་པ་དགེ་སྦྱོང་ཚུལ་མིན་པས། །མུ་ཅོར་སྨྲ་བ་སྨྱོན་པའི་ཚུལ་སྤངས་ཏེ། །ཞི་བའི་ཚུལ་ལ་ཁོ་བོ་རྟག་ཏུ་བརྟེན། །ཕྱི་ཚུལ་འཆོས་པ་གཞན་དག་བཙུན་པོར་སེམས། །གཡོ་སྒྱུའི་སྤྱོད་པ་དགེ་སྦྱོང་ཚུལ་མིན་པས། །ཕ་རོལ་འདྲིད་བྱེད་ཡོན་པོའི་ཚུལ་སྤངས་ཏེ། །དེས་པའི་ཚུལ་ལ་ཁོ་བོ་རྟག་ཏུ་བརྟེན། །རང་དགའི་སྤྱོད་པ་གཞན་དག་དྲང་པོར་སེམས། །དབང་པོ་མི་སྡོམ་དགེ་སྦྱོང་ཚུལ་མིན་པས། །བག་དང་མི་ལྡན་ཧྲལ་པོའི་ཚུལ་སྤངས་ཏེ། །བག་ཡོད་ཚུལ་ལ་ཁོ་བོ་རྟག་ཏུ་བརྟེན། །བྱ་བྱེད་མང་བ་གཞན་དག་གྲུང་པོར་སེམས། །རྣམ་གཡེང་འདོད་པ་དགེ་སྦྱོང་ཚུལ་མིན་པས། །འདུ་འཛི་བསྲེལ་བ་ཁྱིམ་པའི་ཚུལ་སྤངས་ཏེ། །དོན་ཉུང་ཚུལ་ལ་ཁོ་བོ་རྟག་ཏུ་བརྟེན། །ལོངས་སྤྱོད་འབྱོར་པ་གཞན་དག་དཔལ་དུ་སེམས། །འདོད་ཞེན་ཆེ་བ་དགེ་སྦྱོང་ཚུལ་མིན་པས། །ཟང་ཟིང་དང་བཅས་གྲོང་པའི་ཚུལ་སྤངས་ཏེ། །ཆོག་ཤེས་ཚུལ་ལ་ཁོ་བོ་རྟག་ཏུ་བརྟེན། །གྲོང་འདབ་འགྲིམ་པ་གཞན་དག་གདུལ་བྱར་སེམས། །རྙེད་བཀུར་སྒྲུབ་པ་དགེ་སྦྱོང་ཚུལ་མིན་པས། ཁེ་སྤོགས་འདོད་པ་ཚོང་པའི་ཚུལ་སྤངས་ཏེ། །བས་མཐའི་གནས་ལ་ཁོ་བོ་རྟག་ཏུ་བརྟེན། །ཞེས་དང༌། དབེན་པར་བྱོན་ཏེ་སྒྲུབ་པ་རྩེ་གཅིག་ཏུ་མཛད་པའི་དམ་བཅའ་མཛད་པ་ནི། གང་གི་ཞབས་ཟུང་པདྨོའི་གེ་སར་རྡུལ། །ཚངས་དང་ལྷ་དབང་ཁྱབ་འཇུག་ལ་སོགས་པ། །འཇིག་རྟེན་དྲེགས་ལྡན་གཙུག་གིས་གུས་བསྟེན་པའི། །སྤྱན་རས་གཟིགས་མགོན་དེ་ལ་ཕྱག་འཚལ་ལོ། །མང་དུ་ཐོས་ཀྱང་ཚུལ་བཞིན་བསྒྲུབ་པ་གཡེལ། ཁྲིམས་བརྒྱ་ནོད་ཀྱང་ཉེས་ལྟུང་དྲི་མ་ཅན། །དགེ་སྦྱོང་བདག་གི་གཡར་དམ་འདི་རྣམས་ལ། །མཁྱེན་ལྡན་ཐུགས་རྗེའི་ལྷ་ཁྱོད་ཡུད་ཙམ་དགོངས། །གང་དུ་གནས་ན་སྣང་ཤས་འཕེལ་འགྱུར་ཞིང༌། །རང་རྒྱུད་རྙེད་བཀུར་ཞགས་པས་འཆིང་བྱེད་ལ། །གཞན་རྒྱུད་ཕྲག་དོག་འགྲན་སེམས་ཀྱིས་གདུངས་པའི། །གནས་དེར་སྐད་ཅིག་ཙམ་ཡང་མི་གནས་སོ། །དེང་ནས་བཟུང་སྟེ་ཇི་སྲིད་འཚོ་བར་དུ། །གངས་དང་རི་སུལ་ནགས་ཀྱི་ཁྲོད་རྣམས་སུ། །བསེ་རུ་ལྟ་བུ་རྟག་ཏུ་གནས་བྱེད་ཅིང༌། །གྲོང་དང་འཁོར་མང་དབུས་སུ་གནས་མི་བགྱི། །ཆོས་བརྒྱད་རྐྱེན་གྱིས་ནམ་ཡང་མི་གཡོ་བའི། །སེམས་ལ་ཇི་སྲིད་བརྟན་པ་མ་ཐོབ་བར། །གཅིག་པུ་རང་རྒྱུད་འདུལ་བ་མ་གཏོགས་པ། །གཞན་དོན་ཐབས་ཀྱིས་རང་དོན་ཉམས་མི་བགྱི། །ཆོས་གོས་གསུམ་དང་ལྷུང་བཟེད་ལ་སོགས་པ། །རང་ཉིད་འཚོ་བའི་ཡོ་བྱད་མ་གཏོགས་པ། །གསེར་དང་དབྱིག་སོགས་ལྷག་པའི་ཡོ་བྱད་ནི། །རང་གི་དོན་དུ་ཏིལ་ཙམ་མི་བཅང་ངོ༌། །གཞན་གྱི་ཉེས་པ་ནམ་ཡང་མི་གླེང་ཞིང༌། །དོན་དང་ལྡན་ཞིང་ཆོས་མཐུན་མ་གཏོགས་པ། །དམག་དང་ཆོམ་རྐུན་རྒྱལ་པོའི་གཏམ་ལ་སོགས། །འཁྲུལ་པའི་བཀའ་མཆིད་ནམ་ཡང་མི་བགྱིད་དོ། །ཆོས་ཀྱི་དོན་དུ་དཀའ་སྤྱད་སྲན་བཟོད་ཅིང༌། །འཇིག་རྟེན་བློས་བཏང་རྣམ་གྲོལ་དོན་དུ་གཉེར། །འདོད་ཆུང་ཆོག་ཤེས་རང་དང་རྗེས་མཐུན་པའི། །རྗེས་འབྲང་འཁོར་ནི་བཞི་བས་ལྷག་མི་བསྟེན། །གལ་ཏེ་བདག་གི་གཡར་དམ་འདི་རྣམས་དང༌། །འགལ་བར་བགྱིས་ན་རྒྱལ་བ་སྲས་བཅས་དང༌། །ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས་མགོན་གྱིས། ཁྱི་ཕག་ལུག་བོང་རྣམས་དང་བདག་སྙོམས་ཤིག །ཅེས་རྒྱལ་བ་སྲས་བཅས་དཔང་དུ་བཞག་སྟེ་དམ་བཅའ་མཛད། དབེན་པའི་ཡོན་ཏན་བསམ་ནས་རང་གིས་རང་ལ་བསྐུལ་བ་ནི། ཁོ་བོ་དབེན་པ་བསྟེན་པའི་རྒྱུ་མཚན་ཡང་འཁོར་དང་གྲོགས་ཀྱིས་ཡིད་སུན་བྱུང་བའམ། རྙེད་བཀུར་དང་གྲགས་པ་འདོད་པས་མ་ཡིན་གྱི་གཞན་དུ་ན། འཁོར་བའི་སྡུག་བསྔལ་མེ་འོབས་ལྟར་ཤིན་ཏུ་བརྣག་དཀའ་བར་མཐོང་བའི་ཕྱིར་དང༌། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་བསྔགས་པའི་དབེན་པའི་གནས་པད་མའི་ཚལ་བས་ཀྱང་ཤིན་ཏུ་ཡིད་དུ་འོང་བར་མཐོང་བའི་ཕྱིར་རོ། །དེ་ཡང་འདི་ལྟར། གང་ལ་ཉེས་པ་རྡུལ་ཙམ་མི་མངའ་ཞིང༌། །རྨད་བྱུང་ཡོན་ཏན་དཔལ་གྱིས་རབ་བརྗིད་པས། །སྙན་པའི་བ་དན་འཇིག་རྟེན་གསུམ་ན་གཡོ། །ཐུབ་དབང་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །ཀ་ཡེ་ཉོན་ཅིག་ཤེས་ལྡན་གྲོགས་པོ་དག །བསྟན་པའི་ཉིན་བྱེད་ནུབ་རིའི་རྩེ་ལ་སོན། །ལུས་སྲོག་གཡོ་བ་འབབ་ཆུའི་རྒྱུན་དང་མཚུངས། །ཐར་འདོད་རྣམས་ཀྱིས་བག་ཡོད་བསྟེན་པར་རིགས། །རིན་ཆེན་བདུན་ལྡན་གླིང་ཆེན་བཞི་ལ་དབང༌། །དཔག་མེད་ཚེར་གནས་དགེ་བཅུའི་དཔལ་ལ་སྤྱོད། །ཕུན་ཚོགས་མངོན་མཐོའི་བདེ་ལ་རོལ་བྱེད་པའི། །འཁོར་ལོས་བསྒྱུར་རྒྱལ་དཔལ་དེའང་ཆུ་ཤིང་འདྲ། །ལྷུན་པོའི་སྤོ་ལ་ཡུན་རིང་གནས་བཅས་ཏེ། །ཡོངས་འདུ་ཚལ་དུ་དགའ་བདེའི་དཔལ་གྱིས་རོལ། །འཆི་མེད་ཉེ་དབང་ཚོགས་ཀྱིས་གུས་བཏུད་པའི། །འཕྲོག་བྱེད་མིག་སྟོང་ལྡན་དེའང་སྲིད་པའི་བྲན། །ལུས་སེམས་ཟུག་རྔུའི་གདུང་བ་རིང་དུ་སྤངས། །ཏིང་འཛིན་བདེ་བས་བསྐལ་མང་འདའ་བྱེད་པའི། །འཇིག་རྟེན་མེས་པོ་གསེར་གྱི་མངལ་ལྡན་ཡང༌། །འཆི་མེད་གོ་འཕང་ལས་རིང་གྱི་ནར་འཁོར། །གང་གིས་རེག་ན་རབ་བརྟན་ལྷུན་པོ་ཡང༌། །སྐད་ཅིག་ཙམ་གྱིས་ཐལ་བར་རློག་བྱེད་པའི། །མེ་ལྕེའི་ཕྲེང་བ་ལུས་ལ་རབ་འབར་བ། །དམྱལ་བའི་ཟུག་རྔུ་སུ་ཡིས་བརྣག་པར་ནུས། །བལྟས་པ་ཙམ་གྱིས་ཀླུང་ཆེན་རྒྱུན་སྐེམས་ཤིང༌། །ལྗོན་ཤིང་འབྲས་བུ་མེད་པར་བྱེད་པ་ཡི། །ཏ་ལ་ཡ་ཏོག་སྐམ་ལྟའི་ཡི་དྭགས་གཟུགས། །གང་ཞིག་མཐོང་ན་འཇིགས་རུང་སྐྱི་ཡང་གཡའ། །བླང་དོར་རྨོངས་པའི་གཏི་མུག་སྨག་རུམ་འཐིབ། །གཅིག་ལ་གཅིག་ཟ་རྡོ་རྗེའི་མེ་སྟག་དང༌། །བཀོལ་བཙོག་ཆར་རྒྱུན་ལུས་ལ་རྟག་འབབ་པའི། །རྣམ་མང་དུད་འགྲོའི་གདུང་བ་སུ་ཡིས་བཟོད། །སྲིད་པའི་ཕུན་ཚོགས་དེ་ལྟར་མནོག་ཆུང་ཞིང༌། །རབ་མང་ཉེས་པའི་ཚོགས་དང་ལྡན་རིག་ནས། །རང་གཞན་སྲིད་པའི་མཚོ་ལས་བསྒྲལ་བྱའི་ཕྱིར། །མང་ཐོས་བདག་ནི་དབེན་པའི་ནགས་སུ་འགྲོ། །ཆར་སྡོད་བྱེའུས་འབྲུག་སྒྲ་ཐོས་པ་ལྟར། །དབེན་པའི་གཏམ་འདི་ཁོ་བོས་སྙིང་ལ་འབབ། །ཐོས་པའི་དོན་རྣམས་དོན་ཡོད་བྱ་བའི་ཕྱིར། །གཞོན་ནུ་བློ་གྲོས་དབེན་པའི་ནགས་སུ་འགྲོ། །ངང་པའི་ཚོགས་ཀྱིས་པདྨའི་མཚོ་མཐོང་ལྟར། །བས་མཐའི་གནས་ལ་ཁོ་བོ་སེམས་རབ་གཡོ། །དལ་འབྱོར་ལུས་ལ་སྙིང་པོ་བླང་བའི་ཕྱིར། །གཞོན་ནུ་བློ་གྲོས་དབེན་པའི་ནགས་སུ་འགྲོ། །བུང་བ་གཞོན་ནུས་འདབ་བརྒྱའི་ཚལ་མཐོང་ལྟར། ཁོ་བོའི་ཡིད་ནི་དབེན་པའི་རོ་ལ་ཆགས། །ཏིང་འཛིན་བདུད་རྩིའི་རོ་དེ་མྱང་བྱའི་ཕྱིར། །གཞོན་ནུ་བློ་གྲོས་དབེན་པའི་ནགས་སུ་འགྲོ། །དཔྱིད་དུས་བསིལ་བའི་མ་ལ་ཡ་རླུང་ལྟར། །ནགས་ཀྱི་སྨན་ལྗོངས་ཁོ་བོའི་ཡིད་ལ་འབབ། །ཉོན་མོངས་བདུད་ཀྱི་སྡེ་དེ་གཞོམ་བྱའི་ཕྱིར། །གཞོན་ནུ་བློ་གྲོས་དབེན་པའི་ནགས་སུ་འགྲོ། །ཞེས་དང༌། འཇིག་རྟེན་འདྲེན་པ་ལྷ་མིའི་སྟོན་པ་ཡིས། །འདོད་ལ་ཞེན་པ་ཕུང་ཀྲོལ་རྩ་བར་བསྟན། །འདོད་པའི་ཡོན་ཏན་སྡུག་བསྔལ་བསྐྱེད་པ་སྟེ། །ནད་དང་འབྲས་དང་ཟུག་རྔུའི་རྩ་བ་ཡིན། །ཇི་ལྟར་མཛེ་ཅན་གཡན་པ་ཕྲུགས་པ་དང༌། །ཚ་བའི་ཅད་ཅན་བསིལ་བའི་ཆུ་དང་ནི། །སྐོམ་པས་ཉེན་པ་ལན་ཚྭའི་ཆུ་འཐུང་བཞིན། །འདོད་པ་བསྟེན་པས་ནམ་ཡང་ངོམས་མི་འགྱུར། །དུག་དང་བཅས་པའི་ཁ་ཟས་གཡོས་ལེགས་དང༌། །སྤུ་གྲིའི་སོ་ལ་ཆགས་པའི་སྦྲང་རྩི་དང༌། །ཤིང་རྟ་འདྲེན་པའི་ཕྱུགས་ཀྱིས་རྩ་ཟོས་བཞིན། །འདོད་པའི་ཡོན་ཏན་གནོག་ཆུང་ཉེས་པ་མང༌། །གླང་ཆེན་དྲི་ལ་ཆགས་པའི་སྦྲང་བུ་དང༌། །རྔོན་པའི་གླུ་དབྱངས་ཉན་པའི་རི་དྭགས་དང༌། །ལྕགས་ཀྱུའི་ཤ་ལ་ཆགས་པའི་ཉ་བཞིན་དུ། །འདོད་ལ་རྐམ་པའི་བྱིས་པ་མྱུར་དུ་བརླག །ཅེས་སོགས་གསུངས་ནས། དབེན་པའི་གནས་སུ་སྒྲུབ་པ་སྙིང་པོར་མཛད་ཕྱིར་བལ་བོད་ཀྱི་སའི་མཚམས་མང་ཡུལ་སྐྱེད་གྲོང་གི་ནགས་ཁྲོད་དུ་ཕེབས་ཏེ། དྲང་སྲོང་མངོན་པར་དགའ་བའི་བསྟི་གནས་མེ་ཏོག་མདངས་ཅན་དུ་རྒྱལ་བའི་སྲས་པོ་ཐོས་པ་དགའི་རྣམ་ཐར་བསྐྱངས་ཏེ་སྒྲུབ་པ་ལ་རྩེ་གཅིག་ཏུ་བཞུགས་སོ། །དེའི་ཚེ་བདག་ཉིད་ཆེན་པོ་འདིའི་རྗེས་སུ་འབྲངས་ནས་དབེན་པའི་གནས་སུ་སྒྲུབ་པ་རྩེ་གཅིག་ཏུ་བྱ་འདོད་པའི་སྡེ་སྣོད་འཛིན་པ་མང་པོའང་ཕྱོགས་དེར་ལྷགས་ཏེ་དུས་དུས་སུ་རྗེ་བཙུན་རེད་མདའ་བ་ཆེན་པོ་འདི་ལ་ཆོས་སྟོན་པར་གསོལ་བ་བཏབ་ནས་ཆོས་ཀྱི་བདུད་རྩི་ཞུ་ཞིང༌། རྒྱུན་དུ་ནགས་ཁྲོད་དབེན་པ་སོ་སོར་སྒྲུབ་པ་ལ་བཞུགས་ཏེ་འགའ་ཞིག་ནི་གཅིག་པུ་དང༌། ལ་ལ་ནི་བཞི་སྡེ་དང༌། ལ་ལ་ནི་བརྒྱད་དང་། ལ་ལ་ནི་ཉི་ཤུ་སོགས་སྤོང་བ་པ་སྡེ་སྡེར་གནས་ནས་སྒྲུབ་པ་མཛད་དེ་མེ་ཏོག་མདངས་ཅན་གྱི་གཡས་གཡོན་གྱི་རི་ངོས་རྣམས་དང༌། མ་ཎི་ལ་ཁ། བྲག་ཁ། ཕུག་པོ་ཆེ། ཆོས་སྡིངས། ལྷ་ལྔ་ཕུག ལ་ལྡེབས་ཆོས་རྫོང༌། རྐྱང་ཕན་ནམ་མཁའ་རྫོང༌། ཀློང་རྩེ་བསམ་གཏན་གླིང༌། དགུན་ཕུ་དགོན་གསར། རྩྭའི་རྐང་ཚུགས་ཕུག་སོགས་སུ་བསླབ་གསུམ་ལྡན་པའི་དགེ་སློང་སྤོང་བ་པ་མང་པོ་གནས་ཏེ་སྔོན་སངས་རྒྱས་ཞལ་བཞུགས་པའི་དུས་དང༌། སྒྲུབ་པའི་དུས་ཀྱི་བསྟན་པ་ལྟར་ལམ་ཆ་ཚང་ལ་སྒྲུབ་པ་མཛད་པས་ཕྱོགས་དེ་གང་སྟེ་དཀར་ཕྱོགས་ཀྱི་ལྷ་རྣམས་དགའ་ཞིང་མགུ་ནས་ཤིས་པ་བརྗོད་པ་ཞིག་བྱུང་ངོ༌། །དེ་དུས་རྗེ་བཙུན་ཙོང་ཁ་པ་ཆེན་པོས་ཀྱང་རྗེ་རེད་མདའ་བ་ཆེན་པོའི་དྲུང་དུ་སྒྲུབ་པ་མཛད་པ་རྣམས་ལ་བསྔགས་པ་ཆེ་བར་མཛད་དོ། །གྲུབ་ཐོབ་ཐང་སྟོང་རྒྱལ་པོས་ཀྱང་རྗེ་བཙུན་རེད་མདའ་བ་ཆེན་པོའི་སྙན་པ་གསན་ནས་མེ་ཏོག་མདངས་ཅན་དུ་མཇལ་བར་ཕེབས་ཏེ་ཆོས་གསན་པས་ཐོག་མར་ཐུགས་ཆོས་ལ་འགྱུར་བའི་རྐྱེན་བྱས་པར་གྲགས་སོ།།

བདག་ཉིད་ཆེན་པོ་འདིས་རྒྱལ་བའི་དགོངས་པ་ཤིང་རྟ་ཆེན་པོ་རྣམ་གཉིས་ཀྱིས་ཇི་ལྟར་བཀྲལ་བའི་དོན་ལྟར་དང་པོར་དྲི་མ་མེད་པའི་རིགས་པས་གསུང་རབ་ཀྱི་དགོངས་དོན་རྙེད་པར་མཛད་པ་ནི། ཉིད་ཀྱི་ཞལ་ནས། སྟོན་པ་འདས་ནས་བཞི་བརྒྱའི་ལོ་འདས་ཚེ། །བེ་ཏའི་ཡུལ་དུ་ལི་ཙ་བྱི་གཞོན་ནུ། །ཀླུ་སྒྲུབ་ཅེས་བྱའི་དགེ་སློང་དུ་གྱུར་ནས། །ཐུབ་བསྟན་རྒྱས་པར་མདོ་སྡེའི་ཚོགས་ལས་གསུངས། །ཀླུ་ཡི་ཡུལ་སོགས་འཇིག་རྟེན་གཞན་དག་ནས། །ཟབ་ཅིང་རྒྱ་ཆེའི་མདོ་སྡེ་རྣམ་མང་བླངས། །རྟག་ཆད་མཐར་ལྟའི་མུན་པ་སྟུག་པོ་བཅོམ། །མཐའ་བྲལ་དབུ་མའི་སྒྲོན་མེ་དེ་ཡིས་སྦར། །དེ་འོག་ཐུབ་པས་ལུང་བསྟན་ཐོགས་མེད་ཀྱིས། །མི་ཕམ་མགོན་ལ་བཀའ་དྲིན་རྗེས་ཐོབ་ནས། །རྣམ་རིག་སྨྲ་བའི་གྲུབ་མཐའ་གསལ་བྱས་ཞེས། །རྒྱ་བོད་ཤིང་རྟ་ཆེན་པོ་རྣམས་ལ་གྲགས། །འདི་དག་ཐེག་ཆེན་ཤིང་རྟའི་སྲོལ་འབྱེད་དེ། །ཐེག་ཆེན་མདོ་དང་རྒྱུད་སྡེའི་དགོངས་པ་རྣམས། །གཉིས་པོ་འདི་ཡི་ལུགས་དང་མི་མཐུན་པ། །གང་གིས་བཀྲལ་དེ་ལོག་པའི་ལམ་དུ་ཤེས། །ཐུབ་པའི་བསྟན་པ་ཉིད་ཀྱི་དགོངས་པ་བཞིན། །འཁྲུལ་མེད་སྨྲ་བ་འཕགས་པ་ཀླུ་སྒྲུབ་ཡིན། །ཀླུ་སྒྲུབ་དང་ནི་ཐོགས་མེད་གཉིས། ཁྱོད་བསྟན་འཛིན་པར་ཁྱོད་ཀྱིས་གསུངས། །དེ་དག་གཞུང་གི་རྗེས་འབྲངས་ནས། །བདག་གིས་ཁྱོད་ཀྱི་དགོངས་པ་བཙལ། །ཞེས་གསུངས་སོ། ཁྱད་པར་བདག་ཉིད་ཆེན་པོ་འདིས་རྒྱལ་བའི་གསུང་རབ་ཀྱི་དགོངས་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ལེགས་པར་བཀྲལ་བའི་དཀའ་གནས་མཐར་ཐུག་པ་ཟབ་མོ་རྟེན་འབྲེལ་རྟག་ཆད་ཀྱི་མཐའ་དང་བྲལ་བའི་དབུ་མའི་ལམ་བཟང་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་དཔལ་ལྡན་ཟླ་བ་གྲགས་པས་བཀྲལ་བ་ཇི་བཞིན་ཐུགས་སུ་ཆུད་དེ་ཟབ་མོ་དབུ་མའི་ལམ་ལ་གཞན་དྲིང་མི་འཇོག་པའི་ངེས་པ་བརྟན་པོ་རྙེད་ཅིང་ཕྱིར་མི་ལྡོག་པའི་གདེང་ཐོབ་ནས་གངས་རིའི་ཁྲོད་འདིར་དབུ་མའི་ལམ་སྲོལ་གསལ་བར་སྟོན་པར་མཛད་པ་ནི། ཉིད་ཀྱི་ཞལ་ནས། རྒྱ་གར་བལ་པོ་བོད་ཀྱི་ཡུལ་རྣམས་སུ། །མདོ་དོན་སྨྲ་བའི་མཁས་པ་མང་བྱོན་ཡང༌། །ཕལ་ཆེར་རྟོག་པས་སྦྱར་བའི་དོན་ཙམ་ལ། །མཁས་པར་ཟད་ཀྱི་དེ་ཉིད་དོན་ལ་མིན། །ཐུབ་པའི་བསྟན་ལ་ཉིད་ཀྱི་དགོངས་པ་བཞིན། །འཁྲུལ་མེད་སྨྲ་བ་འཕགས་པ་ཀླུ་སྒྲུབ་ཡིན། །དེ་ཡི་བཞེད་གཞུང་རབ་དཀར་ཀུན་དའི་ཚལ། །ཇི་བཞིན་འབྱེད་པ་དཔལ་ལྡན་ཟླ་བ་ཡིན། །སློབ་དཔོན་དེ་དག་དགོངས་པ་འདི་ཡིན་ཞེས། །མཁས་རློམས་མང་ཡང་སུ་ལ་ཅི་ཆ་ཡོད། །རྣམ་བཀྲ་ཚོན་གྱི་རི་མོ་གསལ་བ་ཡི། །རྣམ་དབྱེ་དམུས་ལོང་དག་ལ་ཡོད་དམ་ཅི། །ལོང་བས་རིན་ཆེན་གཏེར་ཁ་ཕྱེད་པ་ལྟར། །རྣམ་དག་འཕགས་པའི་མིག་དང་མི་ལྡན་ཡང༌། །རྒྱལ་དང་རྒྱལ་བའི་སྲས་ཀྱི་བྱིན་རླབས་ལས། །རྟེན་འབྱུང་ཟབ་མོའི་ལམ་དེ་ཁོ་བོས་རྙེད། །འདས་དང་མ་བྱོན་ད་ལྟར་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་དགྱེས་པའི་ལམ་འདི་ཡིན། །འདི་ལས་གཞན་དུ་ཐར་པའི་ལམ་ཡོད་ཅེས། །སྨྲ་བ་དེ་དག་བདག་གིས་གྱི་ནར་རྟོགས། །ཕྱོགས་བཅུར་བཞུགས་པའི་རྒྱལ་དང་དེ་སྲས་རྣམས། །མངོན་སུམ་བྱོན་ནས་དབྱངས་དང་མགྲིན་གཅིག་གིས། །འདི་ལས་གཞན་དུ་ཐར་པའི་ལམ་སྟོན་ཀྱང༌། །བདག་བློ་གཡོ་བ་མེད་དོ་གྲོགས་པོ་དག །དེ་ཕྱིར་གང་ཞིག་ཉམ་ངའི་ལམ་སྤངས་ནས། །བདེ་གཤེགས་དགྱེས་པའི་ལམ་ལ་འཇུག་འདོད་ན། །དཀའ་དང་འབད་པ་བརྒྱ་ཕྲག་དག་གིས་ཀྱང༌། །ཀླུ་སྒྲུབ་ལུགས་བཟང་འདི་ལ་འཇུག་པར་རིགས། །འདི་མ་རྟོགས་ན་གཞུང་ལུགས་མང་བསླབས་ཀྱང༌། །བདེ་གཤེགས་དགོངས་པ་རྟོགས་པའི་ཐབས་གཞན་མེད། །ཕལ་ཆེར་རྟོགས་པའི་དྲ་བ་སྤེལ་བའི་ཕྱིར། །བློ་གྲོས་ངལ་བ་ཙམ་ཞིག་ཐོབ་པར་ཟད། །དེ་ཕྱིར་རང་ཉིད་དྲན་པ་གསོ་ཕྱིར་དང་། །སྐལ་བཟང་གཞན་ལ་ཕན་པར་བྱ་ཕྱིར་དང༌། །ཐུབ་པའི་བསྟན་པ་ཡུན་རིང་གནས་བྱའི་ཕྱིར། །དུས་གསུམ་རྒྱལ་བའི་ལམ་འདི་བདག་གིས་བཤད། །ཅེས་དང༌། འདི་ན་བློ་ངན་རྣམས་ཀྱི་ཉེས་བཤད་ཀྱིས། །ཐུབ་བསྟན་དྲི་མར་བྱས་པ་མ་བཟོད་ནས། །རིགས་དང་མི་རིགས་ཅུང་ཟད་ཕྱེ་ན་ཡང༌། །དེང་སང་འདི་ན་བདག་ལ་གཤེ་བ་མང༌། །འཇིག་རྟེན་སྐྱེ་བོ་མ་མཉེས་གྱུར་ཀྱང་བླའི། །དམ་པས་ཁྲེལ་ན་གསོན་པོ་སྲོག་སོང་ཡིན། །དེ་ཕྱིར་བདག་ལ་བསྟན་པ་དང་འགལ་བའི། །ལྟ་སྤྱོད་ཡོད་ན་དམ་པ་རྣམས་ཀྱིས་སྨོད། ཁོ་བོས་སངས་རྒྱས་བསྟན་ལ་རབ་བྱུང་ནས། །རིགས་དང་མི་རིགས་འབྱེད་ཤེས་ཚུན་ཆད་དུ། །ལུས་ངག་ཡིད་ཀྱི་སྤྱོད་པ་ཅི་བྱེད་ཀྱང༌། །རབ་ཏུ་བསྒྲིམས་ནས་ཐུབ་པའི་གསུང་བཞིན་བསྒྲུབས། །ཐོག་མེད་གོམས་པའི་ཉོན་མོངས་ཤུགས་དྲག་པས། །གལ་ཏེ་མི་རིགས་ཅུང་ཟད་བྱས་ན་ཡང༌། །དེ་ཡི་མོད་ལ་དུག་ཟས་དྲན་པ་བཞིན། །འགྱོད་སེམས་ལྡན་པས་སླར་ཡང་ཆོས་བཞིན་བྱས། །གནས་ལུགས་འབྱེད་པའི་འོད་སྟོང་ལྡན་པ་ཡི། །ཐུབ་བསྟན་ཉི་མའི་དཀྱིལ་འཁོར་མཐོང་བས་ན། །བློ་ངན་མུན་པའི་ཁྲོད་ན་འོད་འབྱིན་པའི། །གཞན་གཞུང་མེ་ཁྱེར་ཚོགས་ལ་བདག་མི་གུས། །གསུང་རབ་རིན་ཆེན་གླིང་ལ་དབང་བསྒྱུར་བའི། །ཀླུ་སྒྲུབ་ཀླུ་དབང་ལེགས་བཤད་གདེངས་ཀའི་ནོར། །དགོས་འདོད་ཀུན་འབྱུང་འདོད་དགུར་སྤྱོད་པས་ན། །ཉེས་བཤད་མཆིང་བུའི་ཚོགས་ཀྱིས་བདག་མི་མགུ །མཐའ་གཉིས་སྤངས་པའི་ཆུ་གཏེར་ལ་གནས་ཏེ། །གདེངས་ཅན་དབང་པོ་ཀླུ་སྒྲུབ་རིང་ལུགས་འཛིན། །ཁོ་བོའི་ལྟ་ཟེར་འབར་བའི་གཟི་བརྗིད་ལ། །ཕས་རྒོལ་འདབ་བཟང་སྟོང་གིས་འགོམ་མི་ནུས། །ཞེས་གསུངས་པ་ལྟར་རོ། །བདག་ཉིད་ཆེན་པོ་འདིས་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་ཐུགས་བརྩེ་བས་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ཟབ་མོ་དབུ་མའི་ལྟ་བ་རྟོགས་པའི་ཚད་བསྟན་པ་ནི། རྒྱུ་འབྲས་བསླུ་བ་མེད་པའི་ཡིད་ཆེས་དང༌། །རྟེན་འབྲེལ་སྟོང་པར་རྟོགས་པའི་ཤེས་རབ་གཉིས། །འབྲལ་མེད་ཟུང་དུ་ཆུད་པར་ནམ་གྱུར་པ། །དེ་ཚེ་མཐའ་བྲལ་དབུ་མའི་ལམ་ལ་ཞུགས། །ཇི་ལྟར་སྣང་ཞིང་གྲགས་པའི་དངོས་འདི་ལ། །རང་གཞན་གྲུབ་མཐས་བཏགས་པའི་ཀུན་བརྟགས་དང༌། །ལྷན་སྐྱེས་ཡིད་ཀྱི་དངོས་འཛིན་མུན་པ་རྣམས། །རྣམ་དག་ལུང་རིགས་ཟེར་གྱིས་རབ་བསལ་ཏེ། །སྣང་དུས་ཉིད་ན་སྟོང་པར་རྟོགས་པ་དང༌། །སྟོང་པར་རྟོགས་ཚེ་སྣང་བ་མི་འགོག་པའི། །ཟུང་འཇུག་ཚུལ་ལ་ངེས་པ་ནམ་སྐྱེས་ན། །དེ་ཚེ་རྒྱལ་བའི་དགོངས་པ་རྟོགས་པ་ཡིན། །ཞེས་གསུངས།

བདག་ཉིད་ཆེན་པོ་འདིས་དེ་ལྟར་རྒྱལ་བའི་དགོངས་པ་བཙལ་བས་ངེས་པ་རྙེད་ནས་སྒྲུབ་པ་མཐར་ཕྱིན་པར་མཛད་པ་རྒྱལ་བ་སྲས་དང་བཅས་པས་བསྔགས་པའི་འོས་སུ་གྱུར་པ་ནི། རྗེ་རིན་པོ་ཆེས་རྗེ་བཙུན་རེད་མདའ་བ་ལ་བསྟོད་པ་མཛད་པ་ལས། །འཇིག་རྟེན་འདྲེན་པའི་དགོངས་པ་བཞིན། །དགོངས་ཤིང་དེ་བཞིན་འདོམས་པ་དང༌། །འདོམས་པ་བཞིན་དུ་ལེགས་སྒྲུབ་པ། །འདི་ནི་ཁྱོད་ཀྱི་ཡོན་ཏན་ལགས། །གཞན་དུ་ཚུལ་འདི་མ་མཐོང་བས། །གཤོང་བུ་དམའ་བར་ཆུ་རྒྱུན་བཞིན། །དུས་ཀུན་ཏུ་ནི་བདག་གི་ཡིད། ཁྱོད་ཉིད་ལ་ནི་རྗེས་སུ་སོང༌། །ཞེས་གསུངས་པ་ལྟར་རོ། །བདག་ཉིད་ཆེན་པོ་འདིས་ཤིང་རྟ་ཆེན་པོའི་དགོངས་དོན་ཇི་བཞིན་རྙེད་ནས་དྲི་མ་མེད་པའི་ལམ་སྲོལ་གངས་རིའི་ཁྲོད་དུ་གསལ་བར་མཛད་པ་ནི། ཐུབ་པའི་དགོངས་པ་འཚོལ་བའི་སྒོ་གཅིག་པུ། །ལུང་དོན་ཚུལ་བཞིན་དཔྱོད་པའི་རིགས་པ་ཡི། །དོ་ཤལ་མཆོག་འདིས་ཁྱོད་ཀྱི་མགྲིན་པ་ཉིད། །ཡོངས་སུ་བཟུང་ནས་གཞན་དུ་འགྲོ་མི་བྱེད། །ལུང་ཙམ་སྐྱབས་སུ་གྱུར་པའི་སྐྱེ་བོ་འདིས། །རང་གི་ཁས་འཆེ་ཙམ་ལ་རིགས་པ་ཞེས། །རྣམ་པར་ཞེན་ནས་ཐུབ་པའི་ལུགས་འཛིན་པ། །མཐོང་བར་གྱུར་ཚེ་ལྷག་པར་ཁྱོད་ཉིད་དྲན། །ཞེས་གསུངས་པ་ལྟར་རོ། །བདག་ཉིད་ཆེན་པོ་འདིས་བསྟན་པའི་ནང་མཛོད་འདུལ་བ་ལུང་སྡེ་བཞིའི་དོན་སློབ་དཔོན་ཡོན་ཏན་འོད་ཀྱིས་བཀྲལ་བ་ལྟར་ཐུབ་པའི་བཅས་མཚམས་མཐའ་དག་ཐུགས་སུ་ཆུད་ནས་ཕྱག་ལེན་ལ་བཏབ་སྟེ་བསྟན་པའི་བྱ་བ་མཛད་པ་ནི། ལེགས་ཚོགས་ཇི་རྙེད་མཆིས་པ་སྐྱེ་བ་དང༌། །གནས་དང་འཕེལ་བ་གང་ལ་རག་ལུས་པར། །རྒྱལ་བས་ལན་ཅིག་མིན་པར་བསྔགས་པ་ཡི། །ཚུལ་ཁྲིམས་འཕགས་པའི་ནོར་དུ་གཟིགས་ནས་ནི། །ཉེར་སྦས་ཟླ་བའི་ནོར་བུ་ཡོན་ཏན་འོད། །ཐམས་ཅད་ཡོད་སྨྲའི་མཁས་པའི་དགོངས་པ་བཞིན། །འདུལ་བ་འབུམ་སྡེའི་དགག་སྒྲུབ་གནང་གསུམ་གྱི། །བསླབ་པའི་གནས་ལ་མཁས་ཤིང་འདའ་མི་བྱེད། །ཅེས་གསུངས་པ་ལྟར་རོ། །བདག་ཉིད་ཆེན་པོ་འདིས་གསུང་རབ་ཀྱི་དོན་ལ་ལྟ་བའི་མིག་གཅིག་པུ་ཚད་མ་སྡེ་བདུན་མདོ་དང་བཅས་པའི་དགོངས་པའི་དོན་གཏིང་ཕྱིན་པར་རྙེད་ནས་གངས་རིའི་ཁྲོད་འདིར་རིགས་པའི་ལམ་སྲོལ་གསལ་བར་མཛད་པ་ནི། ཐུབ་པའི་གསུང་ལས་རྣམ་པ་གཞན་ཉིད་དུ། །དངོས་པོའི་དེ་ཉིད་བསྟན་པར་འདོད་པ་ཡི། །སེར་སྐྱ་རྐང་མིག་སོགས་ཀྱིས་བསྟན་པའི་ལམ། །ཆུ་ཤིང་བཞིན་ཏེ་ཚིག་ཙམ་སྙིང་པོ་རུ། །ལེགས་པར་མཐོང་ཞིང་བདེ་བར་གཤེགས་པའི་ལུགས། །དོན་བཟང་ཚིག་འབྲུ་བཟང་ཞིང་མ་འདྲེས་རྫོགས། །ཐོག་མཐའ་བར་དུ་དགེ་བ་རོ་གཅིག་པར། །ཡིད་ཆེས་གཏིང་ནས་རྙེད་པའི་ཐབས་ཀྱི་མཆོག །རིགས་ཚུལ་བརྒྱ་ཕྲག་དུ་མའི་རོ་ལྡན་པས། །བློ་ཆེན་ལྡན་རྣམས་དགའ་བ་རྒྱས་བྱེད་པ། །རྣམ་འགྲེལ་མཛད་པའི་ཐུན་མོང་མིན་པའི་ལུགས། །ཡོངས་སུ་རྫོགས་པར་སྨྲ་བའང་ཁྱོད་དུ་བས། །ཞེས་གསུངས་པ་ལྟར་རོ། །བདག་ཉིད་ཆེན་པོ་འདིས་ཤིང་རྟ་ཆེན་པོ་གཉིས་ཀའི་བཞེད་གཞུང་མཐའ་དག་ཐུགས་སུ་ཆུད་ནས་རྒྱལ་བསྟན་ཡོངས་རྫོགས་ལ་ངེས་པ་བསྐྱེད་པར་མཛད་པ་ནི། སྟོབས་བཅུ་མངའ་བ་ཐུབ་པའི་རིང་ལུགས་པ། །ཚུལ་གཉིས་ཤིང་རྟའི་སྲོལ་འབྱེད་འཛམ་གླིང་རྒྱན། །གང་གིས་བདེ་བར་གཤེགས་པའི་གདུང་འཚོབ་པ། །ཀླུ་སྒྲུབ་ཐོགས་མེད་གཉིས་ཀྱི་བཞེད་པའི་གཞུང༌། །ཇི་བཞིན་གསལ་བར་གཟིགས་ནས་བརྩེ་བ་ཡིས། །སྐྱོན་བྲལ་གསུང་གིས་གཞན་ལ་ལེགས་འདོམས་པས། །བསྟན་པའི་གནད་ལ་ངེས་པ་སྟེར་བ་འདི།  །ཁྱོད་ཀྱི་རྗེས་སུ་བསྟན་ལས་གཞན་སུ་ཞིག །ཅེས་གསུངས་པ་ལྟར་རོ། །བདག་ཉིད་ཆེན་པོ་འདིས་མདོ་ཕྱོགས་ལ་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་པར་མ་ཟད་གསང་ཆེན་རྡོ་རྗེ་ཐེག་པའི་སྙིང་པོའི་ཡང་སྙིང་པོ་གསུང་རབ་ཀུན་གྱི་རབ་དང་ཕུལ་དུ་གྱུར་པ་དཔལ་གསང་བ་འདུས་པའི་རྩ་རྒྱུད་འགྲེལ་པ་སྒྲོན་གསལ་གྱི་སྟེང་ནས་མཐའ་དྲུག་དང་ཚུལ་བཞིའི་རྒྱ་བཀྲོལ་ཏེ་ཟབ་ལམ་རིམ་པ་གཉིས་ཀྱི་མན་ངག་རྣམས་གསལ་བར་མཛད་པ་ནི། ཐུབ་པ་ཆེན་པོས་ཆོས་ཀྱི་རྣམ་གྲངས་ནི། །ཇི་སྙེད་གསུངས་པ་ཀུན་གྱི་རྩེར་གྱུར་པ། །རྒྱུད་སྡེའི་མཐར་ཐུག་དཔལ་ལྡན་འདུས་པ་ཡི། །མཐའ་དྲུག་ཚུལ་བཞིའི་རྒྱས་བཏབ་རྡོ་རྗེའི་ཚིག །ཇི་བཞིན་ལེགས་པར་ཕྱེད་ནས་རིམ་གཉིས་ཀྱི། །ཏིང་འཛིན་མཆོག་གི་བདེ་ལ་རོལ་པས་ན། །རྡོ་རྗེ་འཛིན་པ་ཞེས་པའི་སྒྲ་དེ་ཡང༌། །མགོན་པོ་ཁྱོད་ལ་དོན་དང་བཅས་པར་གྱུར། །ཅེས་གསུངས་པ་ལྟར་རོ། །མདོར་ན་བདག་ཉིད་ཆེན་པོ་འདི་ནི་གངས་རིའི་ཁྲོད་འདིར་མདོ་སྔགས་གཉིས་ཀའི་བསྟན་པ་ཡོངས་སུ་རྫོགས་པ་འཛིན་ཅིང་སྤེལ་བ་ལ་ཟླ་དང་བྲལ་བར་གྱུར་པ་ནི། དེ་ལྟར་ཐོས་པ་རྒྱ་མཚོའི་ཕ་རོལ་སོན། །གཞན་ལ་འདོམ་པའི་ངག་ཚིག་དྲི་མ་མེད། །ཚིག་གིས་མི་ངོམས་སྒྲུབ་པ་སྙིང་པོར་བྱེད། །དེ་ཕྱིར་ཁྱོད་ནི་མཁས་པས་བསྔགས་པར་འོས། ཁྱོད་ཀྱིས་རང་གི་སྟོན་པ་ཡི། །ཡོན་ཏན་དང་ནི་ལུགས་གཞན་གྱི། །སྐྱོན་རྣམས་མཐོང་བའི་རིགས་པའི་མིག །དྲི་མ་མེད་པ་ལེགས་པར་སྩལ། །སྐྱོན་དང་བྲལ་བ་ཐུབ་པའི་ལུགས། །གཞུང་འཛུགས་བགྱིད་པའི་སྒྲུབ་པ་དང༌། །སྨྲ་བ་ངན་རྣམས་ཚར་གཅོད་པའི། །སུན་འབྱིན་བགྱིད་པའི་གནས་རྣམས་ལ། །སྐྱོན་ཡང་ཡོན་ཏན་ལྟ་བུ་དང༌། །ཡོན་ཏན་སྐྱོན་ལྟར་སྣང་བ་ཡི། །ཡང་དག་པ་དང་ལྟར་སྣང་གི །རྣམ་པར་དབྱེ་བའང་ལེགས་པར་བསྟན། །དེ་ལྟར་ལོག་པར་འགྲོ་བ་བཀག །མཁས་པ་དགྱེས་པའི་ལམ་དུ་ཁྲིད། །མང་ཐོས་ཆུད་མི་ཟ་བའི་རྒྱུ། །དེ་དོན་སྒྲུབ་ལའང་རབ་ཏུ་སྦྱར། །དེ་ཕྱིར་ཁྱེད་ཀྱིས་གདུལ་བྱ་ལ། །བགྱི་བར་འོས་པ་མ་ལུས་མཛད། །ཅེས་གསུངས་པ་ལྟར་རོ།།

མཁས་པའི་དབང་པོ་འདིས་བསྟན་པའི་དོན་དུ་ལེགས་བཤད་ཀྱི་རྩོམ་པའང་མང་དུ་མཛད་པ་ནི། ཉིད་ཀྱི་ཞལ་ནས། འཛམ་གླིང་མཁས་པའི་རྒྱན་མཆོག་དཀའ་ཆེན་བཞི། །རྩ་འཇུག་གཞི་གསུམ་ཐེག་ཆེན་རྒྱུད་བླ་དང༌། །ཆོས་མངོན་མཛོད་དང་དཔལ་ལྡན་འདུས་པ་སོགས། །རྣམ་བཤད་བྱས་པའི་གཞུང་ལུགས་བཅུ་ཕྲག་གཅིག །གཞན་ཡང་བོད་ཡུལ་འགྱུར་བའི་བསྟན་བཅོས་དང༌། །མདོ་དང་རྒྱུད་སྡེ་ཕལ་ཆེར་ལེགས་པར་བལྟས། །རང་གཞན་གྲུབ་མཐའི་དེ་ཉིད་འབྱེད་པ་ལ། །མཁས་པའི་མདུན་སར་མི་འཇིགས་སྤོབས་པ་ཐོབ། །ཅེས་གསུངས་པ་ལྟར་ཡིན་ཞིང༌། དེ་དག་ཀྱང་གཙོ་ཆེ་བ་འགའ་ཞིག་གསུངས་པ་ཡིན་གྱི། དེ་དག་ལས་གཞན་ཡང་མང་སྟེ། བདག་ཉིད་ཆེན་པོ་འདིས་ལུང་ཀུན་ལས་བཏུས་པའི་ཊཱིཀྐ་ཡང་མཛད་ཅིང༌། གཞན་ཡང་བཤེས་སྤྲིང་གི་ཊཱིཀྐ་དང༌། གསང་འདུས་ཀྱི་ཆོ་ག་ཆ་ཚང་ཡང་མཛད། གཞན་ཡང་སངས་རྒྱས་བྱང་སེམས་ཀྱི་བསྟོད་པ། བསྟན་འཛིན་དམ་པ་མང་པོའི་དྲིས་ལན། དད་ལྡན་མང་པོར་ཞལ་གདམས་གནང་བ། ཉམས་མགུར་མཛད་པ་སོགས་མང་དུ་སྣང་ངོ༌།།

དེ་ལྟར་རྒྱལ་སྲས་བདག་ཉིད་ཆེན་པོ་རེད་མདའ་བ་གཞོན་ནུ་བློ་གྲོས་ཞེས་མཚན་ཡོངས་སུ་གྲགས་པའི་མཁས་པའི་དབང་པོ་འདིས་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པས་ཆོས་བརྒྱུད་འཛིན་པའི་སློབ་མ་བསྟན་འཛིན་དམ་པའང་མང་དུ་བྱོན་ཏེ། ཉིད་ཀྱི་ཞལ་ནས། ཀུན་མཁྱེན་ཤེར་འོད་བློ་བཟང་གྲགས་པ་སོགས། །གཞུང་ལུགས་རབ་འབྱམས་ཤེས་པའི་བཤེས་གཉེན་བདུན། །དཀའ་བཞི་ལེགས་པར་སྨྲ་བ་བཅུ་ཕྲག་གཅིག །ཕར་ཚད་ཤེས་པའི་སློབ་མ་བརྒྱ་ཕྲག་བརྒལ། །ཞེས་གསུངས་པ་ལྟར་ཏེ་དེ་ཐམས་ཅད་ཀྱི་ནང་ནས་ཟླ་དང་བྲལ་བ་ཐུབ་བསྟན་ཡོངས་རྫོགས་ཀྱི་བདག་པོ་ནི་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་ལོ། །རྗེ་བཙུན་རེད་མདའ་བ་ཆེན་པོ་དང་རྗེ་བཙུན་ཙོང་ཁ་པ་ཆེན་པོ་གཉིས་ནི་སྐུ་ཚེ་འདི་ཙམ་དུ་མ་ཟད་སྐྱེས་རབས་མང་པོར་མཛད་པ་འཕྲིན་ལས་མཐུན་པ་རེས་འགའ་རྗེ་བཙུན་རེད་མདའ་པས་བླ་མ་དང་རྗེ་རིན་པོ་ཆེས་སློབ་མ་མཛད། རེས་འགའ་རྗེ་རིན་པོ་ཆེས་བླ་མ་དང་རྗེ་བཙུན་རེད་མདའ་བས་སློབ་མ་མཛད་དེ་རྒྱལ་སྲས་ཀྱི་སྤྱོད་པ་སྟབས་གཅིག་ཏུ་སྤྱད་ཅིང་གཉིས་ཀ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྲས་ཀྱི་ཐུ་བོར་གྱུར་ཏེ་སྨོན་ལམ་ལྷན་ཅིག་ཏུ་མཛད་ནས་ཞིང་འདིར་བསམ་བཞིན་དུ་བྱོན་པ་ཡིན་པར་རྗེ་བཙུན་འཇམ་པའི་དབྱངས་དང་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ལུང་བསྟན་པའི་ཚུལ་མང་དུ་ཡོད་དེ། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་དབུ་མ་པ་དཔའ་བོ་རྡོ་རྗེ་ལ་གསུངས་པ་དང༌། གསང་བའི་བདག་པོས་ལྷོ་བྲག་མཁན་ཆེན་ལ་གསུངས་པ་སོགས་སོ་སོའི་རྣམ་ཐར་དུ་གསལ་བ་ལྟར་རོ། །

དེ་ལྟར་བདག་ཉིད་ཆེན་པོ་འདིས་རྒྱལ་བའི་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་ནས་སྐུ་ཚེ་འདིའི་མཛད་པ་ཕལ་ཆེར་རྫོགས་ནས་ཞིང་གཞན་དུ་འབྱོར་པར་བཞེད་པ་ན་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་ཉིད་ཀྱིས་ཇི་ལྟར་མཛད་པ་འདི་ལྟར་དུ་འབྱུང་བར་བྱ་དགོས་སོ་ཞེས་འདོམས་ཕྱིར་གདེང་ཐོབ་པའི་གསུང་བྱོན་པ་ནི། གང་ལ་སྐྱབས་ན་བསླུ་མེད་དཀོན་མཆོག་གསུམ། །འབྲལ་མེད་སྤྱི་གཙུག་རྒྱན་དུ་རྟག་བཞུགས་གསོལ། །སྣང་སྟོང་སྒྱུ་མའི་རྣལ་འབྱོར་རི་ཁྲོད་པ། །སེམས་གནོང་མེད་ཀྱི་གླུ་སྐད་འདི་བཞིན་ལེན། །ཤུལ་ན་འཁྲེང་བའི་ཟས་ནོར་ལུས་པ་མེད། །གདོང་ན་འཚེར་བའི་ལས་ངན་བསགས་པ་མེད། །ཐེག་ཆེན་བསླབ་པའི་བསམ་སྦྱོར་ཉམས་པ་མེད། །ད་སྒྱུ་མའི་ལུས་སེམས་འབྲལ་ཡང་འགྱོད་པ་མེད། །ཚེ་འདིའི་རྙེད་བཀུར་ཆེ་ཐབས་སྒྲུབ་མ་མྱོང༌། །འདོད་ཡོན་སྲིད་པའི་རྗེས་ཕྱིར་འབྲང་མ་མྱོང༌། །ད་སྒྱུ་མའི་ལུས་སེམས་འབྲལ་ཡང་འགྱོད་པ་མེད། །ཅིར་སྣང་སྒྱུ་མར་རྟོགས་པ་ཤེས་རབ་ཡོད། །འགྲོ་དྲུག་ཕ་མར་ཤེས་པའི་ལྷག་བསམ་ཡོད། །ཐབས་ཤེས་ཟུང་དུ་འབྲེལ་བའི་ཉམས་ལེན་ཡོད། །ད་སྒྱུ་མའི་ལུས་སེམས་འབྲལ་ཡང་འགྱོད་པ་མེད། །ཐོག་མར་གསུང་རབ་དགོངས་དོན་ཚུལ་བཞིན་སྦྱངས། །བར་དུ་བློ་གསལ་གདུལ་བྱའི་ཚོགས་ལ་བཤད། །ཐ་མར་འདྲིས་པའི་དོན་ལ་རྩེ་གཅིག་བསྒོམས། །ད་སྒྱུ་མའི་ལུས་སེམས་འབྲལ་ཡང་འགྱོད་པ་མེད། །རྒྱལ་བའི་བསྟན་པ་སྲོག་ལས་གཅེས་པར་བཟུང༌། །རིགས་དང་མི་རིགས་ཚུལ་བཞིན་རྣམ་པར་ཕྱེ། །འཆད་རྩོད་རྩོམ་པས་དལ་འབྱོར་དོན་ཡོད་བྱས། །ད་སྒྱུ་མའི་ལུས་སེམས་འབྲལ་ཡང་འགྱོད་པ་མེད། །འགྱོད་མེད་གདེང་བྲོད་ཀྱི་མགུར་མ་འདི། །གངས་བུ་ལེའི་མགུལ་དུ་བླངས་པ་ཡིན། །མི་ཁོ་བོའི་རྗེས་འཇུག་དད་ལྡན་རྣམས། །མི་ང་བཞིན་བྱེད་ན་འདི་བཞིན་མཛོད། །ཚོགས་གཉིས་ཟུང་དུ་འཇུག་པས་རྒྱུད་སྦྱངས་ཏེ། །བདེན་གཉིས་ཟུང་དུ་འཇུག་པའི་དོན་རྟོགས་ཤིང༌། །རིམ་གཉིས་ཟུང་འཇུག་རྡོ་རྗེའི་ལམ་བསྒོམས་ནས། །འཇའ་ལུས་རྡོ་རྗེའི་སྐུ་རུ་བདག་གྱུར་ཅིག །ཅེས་གསུངས་པ་ལྟར་རོ། །དེ་ནས་ཀློངས་རྩེ་བསམ་གཏན་གླིང་དུ་ཕེབས་ནས་དགེ་འདུན་བརྒྱ་དང་ལྔ་བཅུ་སྐོར་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཞིང་དབུ་མ་འཇུག་པ་གསུངས་སྐབས། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཅིང་བློ་ཡང་སྐྱེ་བ་དང་བྲལ་བ། །ཞེས་པའི་སྐབས་སུ་སླེབས་པ་ན་མྱ་ངན་ལས་འདའ་བར་བཞེད་ནས་ཅུང་ཟད་བསྙུན་པའི་ཚུལ་བསྟན་པ་ན། གདུལ་བྱ་རྣམས་ཀྱིས་གསོལ་བ་ཤུགས་དྲག་ཏུ་བཏབ་པས་ཞག་བདུན་དུ་སྐུ་ཚེ་བྱིན་གྱིས་བརླབས་ནས་གདུལ་བྱ་རྣམས་ལ་ཆོས་བསྟན།

དེ་ནས་དགུང་ལོ་རེ་བཞི་པ་ཆུ་ཕོ་འབྲུག་གི་ལོ་ཟླ་བ་བཅུ་གཉིས་པའི་ཉེར་དགུའི་ཉིན་མྱ་ངན་ལས་འདའ་བའི་ཚུལ་བསྟན་ནས་དེད་དཔོན་ཡིད་བཞིན་གྱི་ནོར་བུ་རྙེད་ནས་རང་ཡུལ་དུ་འགྲོ་བ་ལྟར་དགའ་བཞིན་སྤྲོ་བཞིན་དུ་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་ཕེབས་སོ། །རྒྱལ་སྲས་དམ་པ་འདི་ཞིང་གཤེགས་པའི་ཚེ་ས་ཆེན་པོ་འདིས་ཀྱང་མྱ་ངན་བྱས་པ་ལྟར་ཆེས་ཆེར་གཡོས་ཤིང་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་བདག་ཉིད་ཆེན་པོ་འདི་དགའ་ལྡན་དུ་ཕེབས་པ་ལ་མཆོད་པའི་བྱེ་བྲག་སྣ་ཚོགས་པ་ཐོགས་ནས་བསུ་བ་བྱས་ཤིང་ལྷ་རྣམས་ཀྱིས་བརྡུངས་པའི་རྔ་བོ་ཆེའི་སྒྲ་ཆེར་གྲག་པ་མི་རྣམས་ཀྱིས་ཐོས་པའང་བྱུང་ངོ༌། །རྗེ་བཙུན་རེད་མདའ་བ་ལ་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་བློ་སྦྱོང་དོན་བདུན་མའི་ཁྲིད་ལེགས་པར་གསན་ཞིང་རྗེ་རིན་པོ་ཆེས་སྐལ་བ་དང་ལྡན་པ་མཐའ་ཡས་པ་ལ་སྤེལ་བར་མཛད་དེ་རྗེ་རིན་པོ་ཆེས་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་གནང་སྐབས་བྱང་ཆུབ་ཀྱི་སེམས་སྦྱོང་ཚུལ་ལ་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སྦྱོང་ཚུལ་དང༌། རྒྱལ་སྲས་ཞི་བ་ལྷའི་གཞུང་ལ་བརྟེན་ནས་བདག་གཞན་མཉམ་བརྗེའི་སྒོ་ནས་སྦྱོང་ཚུལ་གཉིས་སུ་མཛད་ནས་བདག་གཞན་མཉམ་བརྗེའི་སྒོ་ནས་སྦྱོང་ཚུལ་ལ་བློ་སྦྱོང་འདིའི་མན་ངག་རྣམས་བསྟེན་པར་མཛད་ལ། ཡང་བྱང་སེམས་འཆད་ཁ་བས་བློ་སྦྱོང་འདི་ལ་དོན་བདུན་ཅུའི་ས་བཅད་མཛད་ཅིང་མིང་ཡང་བློ་སྦྱོང་དོན་བདུན་མ་ཞེས་འདོགས་པར་མཛད་པ་ལྟར་དེ་དང་མཐུན་པའི་ཁྲིད་ཚུལ་རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ་གྱིས་དོན་བདུན་མའི་ཁྲིད་ཡིག་ཟུར་དུ་མཛད་པ་ལྟར་བློ་སྦྱོང་དོན་བདུན་མའི་ཁྲིད་ཟུར་དུའང་གནང་སྟེ་རྗེ་རིན་པོ་ཆེ་འོན་བཀྲ་ཤིས་རྡོ་ཁར་ཕེབས་སྐབས་སེམས་དཔའ་ཆེན་པོ་ཧོར་སྟོན་པ་སོགས་རྒྱལ་སྲས་མང་པོ་ལ་བློ་སྦྱོང་དོན་བདུན་མའི་ཁྲིད་རྒྱས་པར་སྩལ། སེམས་དཔའ་ཆེན་པོ་ཧོར་སྟོན་པས་རྗེ་དགེ་འདུན་གྲུབ་ལ་གནང༌། དེས་འདུལ་འཛིན་བློ་གྲོས་སྦས་པ་ལ་གནང༌། དེས་པཎ་ཆེན་ཡེ་ཤེས་རྩེ་མོ་ལ་གནང༌། དེས་རྗེ་སྐྱབས་མཆོག་དཔལ་ལ་གནང༌། དེས་རྒྱལ་བ་དབེན་ས་པ་ལ་གནང༌། དེས་མཁས་གྲུབ་སངས་རྒྱས་ཡེ་ཤེས་ལ་གནང༌། དེས་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་གནང༌། དེས་ཞབས་དྲུང་ལྷ་པ་བསྟན་པ་དར་རྒྱས་ལ་གནང༌། དེས་གྲུབ་ཆེན་བློ་བཟང་བྱམས་པ་ལ་གནང༌། དེས་གྲུབ་དབང་ཆོས་རྒྱ་མཚོ་ལ་གནང༌། དེས་རྗེ་བཙུན་བླ་མ་གྲུབ་པའི་དབང་ཕྱུག་བློ་བཟང་རྣམ་རྒྱལ་ལ་གནང༌། རྗེ་བླ་མ་བཀའ་དྲིན་མཚུངས་མེད་དེའི་ཞབས་དྲུང་དུ་བདག་གིས་ཆོས་འདིའི་བཀའ་དྲིན་ཐོབ་བོ། །ཡང་རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ་གྱིས་སེམས་དཔའ་ཆེན་པོ་རྒྱ་མ་བ་ཡོན་ཏན་འོད་ལ་གནང༌། དེ་ནས་རིམ་གྱིས་བརྒྱུད་དེ་བདག་གི་དྲིན་ཅན་རྩ་བའི་བླ་མ་རྗེ་བཙུན་ངག་དབང་བྱམས་པའི་ཞབས་དྲུང་དུ་ཆོས་འདིའི་བཀའ་དྲིན་བདག་གིས་རྒྱས་པར་ཐོབ་བོ། །བློ་སྦྱོང་སྙན་བརྒྱུད་ཆེན་མོ་འདིའི་བརྒྱུད་རིམ་མདོར་བསྡུས་གསོལ་འདེབས་ཀྱི་ཚུལ་དུ་བཀོད་ན་འདི་ལྟར། ཐུབ་དབང་འཇམ་དབྱངས་རྒྱལ་སྲས་ཞི་བ་ལྷ། །ཨེ་ལ་དྷ་རི་དཔའ་བོ་རྡོ་རྗེ་དང༌། །རིན་ཆེན་དཔལ་དང་བླ་མ་གསེར་གླིང་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཡིད་བཞིན་ནོར་འདྲའི་ཐུགས་མངའ་མར་མེ་མཛད། །རྒྱལ་བའི་འབྱུང་གནས་སྟོན་པ་རིན་པོ་ཆེ། །བསྟན་པ་རིན་ཆེན་གསལ་མཛད་པོ་ཏོ་བ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཡོན་ཏན་མཆོག་གི་གྲགས་པའི་ཤ་ར་བ། །བྱང་ཆུབ་ཐུགས་གཉིས་འབྱོངས་པའི་འཆད་ཀ་བ། །ལྟ་སྤྱོད་རྣམ་པར་དག་པའི་རྒྱལ་བ་སེ། །གསོལ་བ་འདེགས་སོ་བདག་རྒྱུད་བྱིན་གྱིས་རློབས། །གཅིག་ཏུ་གཞན་དོན་མཛད་པའི་སྐྱེས་མཆོག་ལྷ། །བསླབ་གསུམ་རྣམ་པར་དག་པའི་ལྷ་སྡིངས་པ། །སྒོ་གསུམ་གཞན་དོན་མཛད་པའི་ལྷ་སྡིངས་དཔོན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དུས་གསུམ་རྒྱལ་བའི་ལམ་གནས་ཡོན་ཏན་དཔལ། །སངས་རྒྱས་བསྟན་པ་རྒྱས་མཛད་བདེ་བ་དཔལ། །མཁས་བཙུན་འགྲན་ཟླ་བྲལ་བའི་དཀའ་བཞི་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཕན་བདེ་ཀུན་གྱི་འབྱུང་གནས་རིན་པོ་ཆེ། །བསོད་ནམས་ཡེ་ཤེས་སྟོབས་ཀྱིས་སྟོང་གསུམ་གྲགས། །བྱམས་དང་སྙིང་རྗེའི་མངའ་བདག་ཆོས་ཀྱི་རྗེ། །གསོལ་བ་འདེགས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཐོགས་མེད་གཉིས་པ་རྒྱལ་སྲས་རིན་པོ་ཆེ། །འཛམ་གླིང་མཁས་པའི་གཙུག་རྒྱན་རེད་མདའ་བ། །རྒྱལ་བ་ཀུན་དངོས་བློ་བཟང་གྲགས་པའི་དཔལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཐེག་མཆོག་གདམས་པའི་གཏེར་གྱུར་ནམ་མཁའ་དཔལ། ཁམས་གསུམ་བསྟན་པའི་བདག་པོ་དགེ་འདུན་གྲུབ། །སེམས་དཔའ་ཆེན་པོ་བློ་གྲོས་སྦས་པའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཡེ་ཤེས་མཚན་ཅན་འཇམ་དབྱངས་སྐྱབས་མཆོག་དཔལ། །སྐུ་གསུམ་མངོན་གྱུར་རྗེ་བཙུན་དབེན་ས་པ། །དེ་སྲས་ཐུ་བོ་སངས་རྒྱས་ཡེ་ཤེས་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞབས། །དེ་སྲས་ཐུ་བོ་ཞབས་དྲུང་ལྷ་པ་དང༌། །གྲུབ་ཆེན་བློ་བཟང་བྱམས་པ་རིན་པོ་ཆེར། ། གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སེམས་དཔའ་ཆེན་པོ་གྲུབ་དབང་ཆོས་རྒྱ་མཚོ། །རྩ་བའི་བླ་མ་བློ་བཟང་རྣམ་རྒྱལ་ཏེ། །དངོས་དང་བརྒྱུད་པའི་བླ་མ་མཆོག་རྣམས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཡང་རྩ་བའི་བླ་མ་བྱམས་པའི་མཚན་ཅན་གྱི་གསན་རྒྱུན་ལྟར་གསོལ་བ་འདེབས་པ་ནི། རྒྱལ་སྲས་ཐོགས་མེད་ཡན་གོང་ལྟར་ལ། དེ་ནས་འདི་ལྟར། རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ། །ཡོན་ཏན་འོད་དང་བློ་འཕེལ་ཚུལ་ཁྲིམས་དར། །བསོད་ནམས་ལྷ་དབང་བསོད་ནམས་ལེགས་མཆོག་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྙུག་ལ་པཎ་ཆེན་ངག་དབང་གྲགས་པ་དང༌། །སྤྱན་སྔ་ངག་དབང་ཆོས་གྲགས་བྲག་དགོན་པ། །དཔལ་འབྱོར་ལྷུན་གྲུབ་འཕྲིན་ལས་རབ་རྒྱས་ལ། །གསོལ་བ་འདེགས་སོ་བདག་རྒྱུད་བྱིན་གྱིས་རློབས། །གངས་ཅན་མགོན་པོ་བློ་བཟང་རྒྱ་མཚོའི་སྡེ། །བློ་བཟང་དར་རྒྱས་འཇམ་དབྱངས་གྲགས་པའི་དཔལ། །ལམ་བཟང་གསལ་མཛད་དགེ་ལེགས་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པ་ཀུན། །གཅིག་བསྡུས་འཇམ་མགོན་བསྟན་པའི་སྲོག་ཤིང་ཆེ། །རྩ་བའི་བླ་མ་ངག་དབང་བྱམས་པ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རབ་འབྱམས་གསུང་རབ་ཀུན་གྱི་སྙིང་པོའི་དོན། །གཅིག་ཏུ་བསྡུས་ནས་གསལ་བར་སྟོན་མཛད་པ། །བཀའ་དྲིན་མཚུངས་མེད་རྗེ་བཙུན་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་པའོ། །

དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པའི་གདུལ་བྱ་རྣམས་ཀྱིས་བདག་བས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མྱུར་དུ་རྒྱུད་ལ་སྐྱེ་བར་བྱ་བའི་ཕྱིར་བློ་སྦྱོང་སྙན་བརྒྱུད་ཀྱི་བླ་མ་རྣམས་ལ་གསོལ་བ་འདེབས་ཤིང་བློ་སྦྱོང་རྒྱུད་པའི་བླ་མ་རྣམས་ཀྱི་མཛད་པ་རྣམ་ཐར་རྣམས་བསམས་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེས་པ་བསྐྱེད་པ་དང་སྐྱེས་ཟིན་གོང་ནས་གོང་དུ་སྤེལ་བ་ལ་བློས་གྲོས་དང་ནུས་པ་དང་རྩོལ་བ་ཅི་ཡོད་ཐམས་ཅད་གཅིག་ཏུ་དྲིལ་ཏེ་རྣམ་པ་ཀུན་ཏུ་འབད་པར་བྱའོ།། །།


བརྒྱུད་འགོད།
0