ཨ་ལག་ཤ་ངག་དབང་བསྟན་དར་ལྷ་རམས་པའི་རྣམ་ཐར་མདོར་བསྡུས།

སྤེལ་དུས།  2017-12-14   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  མི་ཉག་མགོན་པོ།   ཀློག་གྲངས།  

ཨ་ལག་ཤ་ངག་དབང་བསྟན་དར་ལྷ་རམས་པ་ནི་མདོ་སྨད་ཡུལ་གྲུ་ཆེན་མོའི་བྱེ་བྲག་ཨ་ལག་ཤ་ཞེས་པའི་ཡུལ་ཁམས་ཉམས་དགའ་བ་དེར་རབ་བྱུང་བཅུ་གསུམ་པའི་ས་མོ་ཡོས་ཀྱི་ལོ་༡༧༥༩ལ་སོག་པའི་རིགས་སུ་སྐུ་བལྟམས།   ཁོང་དགུང་ལོ་གཞོན་ནུའི་དུས་ནས་རིག་པའི་གནས་རྣམས་སྦྱོང་བ་ལ་དོན་གཉེར་ལྷག་པར་ཆེ་བས།   ལམ་འགྲུལ་རིང་བ་དང་ལྟོགས་གྲང་སོགས་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ནས།  དབུས་ལྷ་ལྡན་ཆེན་མོར་སློབ་གཉེར་དུ་ཕེབས།  འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་གྲྭ་སར་ཞུགས།  དབུ་ཕར་འདུལ་མཛོད་ཚད་མ་བཅས་ཀྱི་གཞུང་པོད་རྣམས་ལ་གསན་བསམ་གནད་དུ་སྨིན་པར་མཛད།  ལྷ་ལྡན་སྨོན་ལམ་ཆེན་མོར།   དགེ་འདུན་ཁྲི་ཕྲག་དབུས་སུ་རྒོལ་བ་སྟོང་གི་ཐལ་རྡེབ་འབྲུག་སྟོང་ལྡིར་བར་ཅི་མི་སྙམ་པའི་དམ་བཅའ་སེང་གེའི་ང་རོ་བསྒྲགས།   མཁས་གྲགས་ཀྱི་བ་དན་ཕྱོགས་ཀུན་ཏུ་ལྷབ་ལྷུབ་ཏུ་གཡོ།  བསྟན་དར་ལྷ་རམས་པ་ཞེས་པའི་མཚན་སྙན་གྱི་མེ་ཏོག་ཕྲེང་བ་མགྲིན་པའི་རྒྱན་དུ་ཐོབ།  མཁས་དབང་དམ་པ་ཀློང་རྡོལ་ངག་དབང་བློ་བཟང་དང་།  ཏྰ་ལའི་བརྒྱད་པའི་ཡོངས་འཛིན་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་སོགས་དགེ་བའི་བཤེས་གཉེན་དུ་མ་བསྟེན་ནས་དབང་ལུང་མན་ངག་མང་པོ་ཞུས་ཤིང་།  ཁྱད་པར་ཀློང་རྡོལ་བླ་མའི་མདུན་དུ་ཐ་སྙད་རིག་གནས་ཀྱི་སྐོར་སྙན་ངག་སུམ་རྟགས་སོགས་ལའང་སྦྱངས་པ་མཐར་ཕྱིན་མཛད།  དེ་ལྟར་ལེགས་པར་བཤད་པའི་གསུང་རབ་རྒྱ་མཚོ་ལྟ་བུར་ཐོས་བསམ་ཡུན་དུ་མཛད་ནས་ཐུགས་ཀྱི་བཞེད་པ་ཡོངས་སུ་གང་སྟེ་དེད་དཔོན་རྒྱ་མཚོའི་གླིང་ནས་ལོག་པ་ལྟར་དགྱེས་བཞིན་པར་རང་ཡུལ་དུ་ཕྱིར་ཕེབས།  ཨ་ལག་ཤའི་གཡོན་དགོན་མི་ཕམ་ཆོས་གླིང་ངམ་དགེ་སྒྲུབ་གླིང་དུ་འཆད་རྩོད་རྩོམ་གྱི་དབུ་ཚུགས།  ཁོང་ནི་རིག་པའི་གནས་ཀུན་ཕྱོགས་བརྒྱར་སྤེལ་བ་ལ་ལྷག་བསམ་བཟང་པོ་དོ་ཟླ་བྲལ་བ་ཞིག་ཡིན་སྟབས།  བོད་ཀྱི་སྙན་ངག་གི་བསྟན་བཅོས་མེ་ལོང་མའི་ཁྲིད་རྒྱུན་བཟང་པོ་རྒྱུན་ཆད་ཀྱི་དོགས་ནས།  དགུང་ལོ་ལྔ་བཅུ་ང་གཅིག་ཏུ་ཕེབས་ཀྱང་ངལ་བ་ལ་མ་འཛེམ་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་བྱོན་ཏེ།  རྡོ་རམས་པ་ལྷ་ཞེའི་མདུན་དུ།  ཁམས་སྡེ་དགེ་དཔལ་སྤུངས་ཀྱི་ཁྲིད་རྒྱུན་ལྟར་སྙན་ངག་ལེའུ་གསུམ་པོ་རྫོགས་པར་གསན་ཅིང་རྩོམ་རྒྱུགས་ཀྱང་ལེགས་པར་ཕུལ།  པེ་ཅིན་ཡུང་དགོན་དུ་བྱོན་ནས་དད་ལྡན་རྣམས་ལ་ཆོས་སྦྱིན་བསྩལ་ཅིང་།  ཇ་མཆོད་འགྲེལ་པ་རྩོམ་པའི་དུས་སུ་ཇའི་འབྱུང་ཁུངས་སྐོར་རྒྱ་ཡི་གཞུང་ལུགས་མང་པོར་ཐུགས་དཔྱད་མཛད།  ཁོང་སྐུ་ཚེ་ཤིན་ཏུ་ཡུན་རིང་བཞུགས་ཡོད་པ་འདྲ་སྟེ་  (བློ་སྦྱོང་དོན་བདུན་མའི་གཏམ་ཐེག་མཆོག་ཉེ་ལམ་ )  ནི་དགུང་ལོ་གྱ་གཅིག་ཏུ་ཕེབས་པ་རབ་བྱུང་བཅུ་བཞི་པའི་ས་ཕག་ལོར་བརྩམས་འདུག ཁོང་དགུང་གྲངས་བརྒྱད་ཅུ་ལྷག་བཞུགས་པའི་རིང་དུས་ཚོད་སྐད་ཅིག་ཙམ་ཡང་ཆུད་ཟོས་སུ་མི་གཏོང་བར་འཆད་རྩོད་རྩོམ་གསུམ་ལ་འབད་པ་ལྷུར་ལེན་མཛད་ཅིང་།  དུས་ཚོད་སྟོང་ཟད་དུ་བཏང་ནས་ལེ་ལོ་རྣམ་གཡེང་ངང་ནས་མི་ཚེ་འཁྱོལ་ཐབས་བྱེད་མཁན་དག་ལ་དགག་པ་གནད་སྨིན་མཛད་པ་ནི་ཁོང་གི་གསུང་ (  བསླབ་བྱའི་མི་ཆོས་དགའ་སྟོན་)  དུ།  མི་ཚེ་ཕྱེད་ནི་གཉིད་ལ་ཡུར་བས་ཁྱེར། །དེ་ཕྱེད་བཟའ་བཏུང་གཡོས་སུ་བྱ་བས་ཆོད། །ལྷག་མ་གཏམ་གླེང་དག་གིས་དུས་འདའ་ཚུལ། །ལང་ཤོར་ཡིད་ཁྱོད་ཁུ་འཕྲིག་མེད་འདི་མཚར། །ཞེས་གསུངས་པ་ལས་ཤེས་ནུས་སོ། །ཁོང་ནི་སོག་པོའི་རིགས་སུ་སྐྱེས་ཀྱང་བོད་ཡུལ་དུ་ཐོས་བསམ་མཛད་ཅིང་བོད་ཀྱི་རིག་གནས་ཀུན་ལ་ཐུགས་དཔྱད་ཡུན་རིང་མཛད་པའི་རྐྱེན་གྱིས་བོད་ཡིག་གི་བརྡ་སྤྲོད་རིག་པ་དང་།  སྙན་ངག་སོགས་ལ་ཐུགས་ལྷག་པར་དགྱེས་ཏེ། སུམ་རྟགས་འགྲེལ་པ། ཡི་གེའི་བཤད་པ། བོད་ཀྱི་བརྡ་གསར་རྙིང་གི་ཁྱད་པར། དག་ཡིག་གཅེས་བསྡུས། སྙན་ངག་མེ་ལོང་གི་དཔེ་བརྗོད་སོགས་མཁས་དབང་གོང་མ་རྣམས་ཀྱི་ཐུགས་བཞེད་རྣམས་ཞིབ་བསྡུར་དང་། དགག་སྒྲུབ་སྒོ་ནས་ཚིག་ཉུང་ལ་དོན་འདུས་པ་ཕྱི་རབས་པ་རྣམས་ལ་བལྟ་བདེ་བ་མང་པོ་བརྩམས་ཡོད།  དེ་ལྟར་གསུང་རབ་ཆོས་ཚན་བཅུ་ཕྲག་བཞི་ལ་ཉེ་བ་བརྩམས་ཡོད་པ་པོ་ཏི་གཉིས་སུ་བྱས་ཏེ་མཚོ་སྔོན་སྐུ་འབུམ་དགོན་དུ་པར་ལ་བརྐོས་ཡོད་ཅིང་། ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་དུ་ཆ་ཚང་བཞུགས་སོ། །

རྩོམ་སྒྲིག་པ།  ཚུལ་ཁྲིམས་རྒྱ་མཚོ།

བརྒྱུད་འགོད།
0