མདོ་སྨད་འཇང་དགུན་ཆོས་ཆེན་མོ་ཐེངས་ཉེར་བཞི་བ།

སྤེལ་དུས།  2018-09-28   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  དཀོན་མཆོག་རྒྱ་མཚོ།   ཀློག་གྲངས།  


༄༅། །མདོ་སྨད་འཇང་དགུན་ཆོས་ཆེན་མོ་ཐེངས་ཉེར་བཞི་བ་རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་སུ་འཚོགས་པ།

1.jpg

༢༠༡༨ལོའི་སྤྱི་ཟླ༩ཚེས་༡༣ནས་༢༤ཉིན་བར། མཚོ་སྔོན་མགོ་ལོག་རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་སུ་མདོ་སྨད་འཇང་དགུན་ཆོས་ཆེན་མོ་ཐེངས་ཉེར་བཞི་བ་ཉིན་༡༢ རིང་ལ་འཚོགས་ཏེ།

ཐེངས་འདིའི་གཞུང་ཆེན་བཀའ་པོད་ལྔའི་ནང་ཚན་ཚད་མ་རྣམ་འགྲེལ་གྱི་ཆོས་ཐོག་སམ་འཇང་དགུན་ཆོས་ཆེན་མོར་དགེ་ལྡན་བསྟན་པའི་ཆུ་མགོ་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་།རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་།རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས།གཙང་དགོན་དོན་གྲུབ་རབ་བརྟན་གླིང་།རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་། དྷཱིཿཚ་བཀྲ་ཤིས་ཆོས་སྡིངས།ལྷ་མོ་ཀིརྟི་དགོན་ཆེན།བྲག་དཀར་སྤྲེལ་རྫོང་དགོན།སྟོང་སྐྱབས་བསྟན་གཉིས་དར་རྒྱས་དགོན།གསེར་ལག་དགོན།ཁྲ་ཚོགས་དགོན།རྔ་བ་སྒོ་མང་དགོན།མཐོ་ལས་དགོན།ཧོར་གཙང་ཀིརྟི་དགོན།འབུམ་རྙིང་དགོན།ཨ་སྐྱོང་དགོན།ཚོ་བདུན་ཀིརྟི་དགོན།ཁང་གསར་དགོན།ཨ་འདོ་དགོན།ཁྱུང་དམར་དགོན།ཐར་སྟོན་དགོན།བན་ཤུལ་དགོན།ཁ་དཀར་དགེ་ལྡན་རྣམ་རྒྱལ་གླིང་།བུ་དགུ་དགོན།གནམ་ལྕགས་དགོན།སྐྱུ་ར་དགོན།སྐྱིད་འཇོ་དགོན།ཧྭ་སྐོར་དགོན།ར་ཀིརྟི་དགོན།ཀྲི་དཀར་དགོན།ཤུལ་མ་དགོན།དཀར་མོ་དགོན།བཀྲ་ཤིས་རྩེ་དགོན།ཀ་བཞི་དགོན།ཁྲི་སྟེང་དགོན།ཤར་ཝོད་དགོན།ལྷ་རི་དགོན།གསེར་གཞུང་དགོན།བཀྲ་ཤིས་ཆོས་གླིང་དགོན།གདོང་རི་དགོན་སོགས་དགོན་སྡེ་ལྔ་བཅུ་ལྷག་ནས་ཕེབས་པའི་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་དང་། རིགས་པ་སྨྲ་བ་བརྒྱ་ཕྲག་དུ་མ་ལྷན་དུ་འཛོམས་ནས་དཔལ་ནཱ་ལེནྡའི་ཆོས་རྒྱུད་དྲི་མ་མེད་པ་དཔལ་ལྡན་ཆོས་གྲགས་ཀྱི་མཛད་པའི་ཚད་མ་སྡེ་བདུན། རྒྱལ་བའི་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་བཤད་ཐར་ལམ་གསལ་བྱེད་གཙོ་བྱས་པའི་རྒྱ་བོད་མཁས་པའི་གཞུང་འགྲེལ་དང་བོད་སྔ་ཕྱིའི་ཚད་མའི་གཞུང་འགྲེལ་མང་པོའི་ཟུར་བརྒྱན་ཏེ་ལུང་རིགས་དཔེ་གསུམ་གྱིས་སྒོ་ནས་དཔལ་ལྡན་ཆོས་ཀྱི་གྲགས་པའི་གཞུང་གི་དཀའ་གནད་ལ་རང་རང་གི་བློ་སྟོབས་དང་འཚམས་པའི་བགྲོ་གླེང་བགྱིས། དེ་ཡང་མཛད་རིམ་ནི་སྔ་དྲོའི་ཆུ་ཚོད་དགུ་ནས་བཅུ་གཉིས་བར་དཔེ་ཁྲིད་དང་སྐྱོར་སྦྱོང་།ཉིན་གུང་ཆུ་ཚོད་བཅུ་གཉིས་ནས་གཉིས་པའི་བར་གུང་ཚིགས།ཆུ་ཚོད་གསུམ་ནས་བཞིའི་བར་ཟླ་བོ་གཉིས་ཆ། བཞི་ནས་ལྔའི་བར་འཛིན་གྲྭ་སོ་སོའི་གཞུང་ཚན་དམ་བཅའ། མཚན་མོ་ཆུ་ཚོད་བདུན་ནས་བརྒྱད་པ་བར་སྒྲོལ་འདོན་དང་།དེ་ནས་ཆུ་ཚོད་བཅུ་བའི་བར་དམ་བཅའ་ཆེན་མོ་བཅས་ཉིན་མཚན་ཁོར་མོ་ཡུག་ཏུ་དཔེ་ཁྲིད་དང་སྐྱོར་སྦྱོང་།བགྲོ་གླེང་བཅས་བགྱིས་ཏེ་དངོས་སྟོབས་རིགས་པའི་ལམ་ནས་མཉམ་མེད་བུ་རམ་ཤིང་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་དང་།  ཚད་མ་རིག་པ་རྒྱུན་འཛིན་དང་འཕེལ་རྒྱས་ཐད་ལ་ནུས་པ་མི་དམན་པ་བཞག་ཅིང་། སྤྱི་ཚེས་ཉེར་བཞིའི་ཉིན་བཀྲ་ཤིས་རྟེན་འབྲེལ་ཕུན་སུམ་ཚོགས་པའི་ངང་མཇུག་བསྡུས་པའོ།

རྩོམ་སྒྲིག་པ་དཀོན་མཆོག་རྒྱ་མཚོ།

བརྒྱུད་འགོད།
0