རྒྱ་བོད་བཀའ་བསྟན་ལས་ཚད་མ་རིག་པའི་གཞུང་དང་དེའི་ཕན་ཚུན་ཁ་སྐོང་ཞིབ་འཇུག

སྤེལ་དུས།  2017-12-16   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  སྙན་བཟང་པ་དགེ་འདུན།   ཀློག་གྲངས།  

ནང་དོན་གནད་བསྡུསདཔྱད་རྩོམ་འདིར་བོད་རྒྱ་བཀའ་བསྟན་དུ་ཡོད་པའི་ཚད་མ་རིག་པའི་སྐོར་གྱི་བསྟན་བཅོས་དང་དེའི་རིགས། བམ་ཚད་དང་ལོ་ཚིགས། མཛད་པ་པོ་དང་ལོ་ཙཱ་བ། ད་ལྟ་གང་དུ་ཡོད་པ། ལེགས་སྦྱར་སྐད་ཀྱི་མ་ཡིག་གི་གནས་ཚུལ་སོགས་ལ་རྟོག་ཞིབ་བགྱིས་ཡོད་ལ། ཁྱད་པར་དུ་བོད་རྒྱའི་བཀའ་བསྟན་ལས་ཚད་མ་རིག་པའི་སྐོར་གྱི་ཕན་ཚུན་ཁ་སྐོང་གི་འདས་པ་དང་། ད་ལྟའི་གནས་བབ། མ་འོངས་པའི་ཁ་ཕྱོགས་སོགས་ལ་དབྱེ་ཞིབ་བྱས་ཡོད་དོ། །

བརྡ་ཆད་གཙོ་བོ བཀའ་བསྟན། ཚད་མ། མ་ཡིག རྒྱ་བོད། ཁ་སྐོང་།

བོད་རྒྱ་མི་རིགས་གཉིས་ལ་མཚོན་ན། གནའ་ནས་བཟུང་རིག་གཞུང་གི་ཆ་ནས་ཕན་ཚུན་སློབ་སྦྱོང་དང་ཉམས་མྱོང་བརྗེ་རེས་བྱེད་པའི་སྲོལ་བཟང་པོ་ཞིག་ཆགས་ཡོད་ལ། སྤྱི་ལོ་དུས་རབས་དང་པོ་ནས་བཟུང་རྒྱ་ནག་ཏུ་ནང་བསྟན་དར་མགོ་བརྩམས་ཤིང་། རིམ་གྱིས་འཕེལ་རྒྱས་བྱུང་བའི་གོ་རིམ་ཁྲོད་ཚད་མ་རིག་པའི་བྱེ་བྲག་གཏན་ཚིགས་རིག་པའི་བསྟན་བཅོས་གྲགས་ཅན་འགའ་འགྱུར་བ་དང་། དེར་སློབ་སྦྱོང་དང་ཞིབ་འཇུག་བྱེད་པའི་མཁས་པའང་མི་ཉུང་པ་ཞིག་བྱུང་ཡོད་དོ། །དུས་རབས་བདུན་པ་ནས་བོད་དུའང་ནང་བསྟན་དར་མགོ་བརྩམས་པ་དང་། ལྷག་པར་དུ་བསྟན་པ་ཕྱི་དར་ནས་བཟུང་བོད་དུ་སྔར་བྱུང་མ་མྱོང་པའི་ནང་བསྟན་ལོ་ཙཱའི་ཚ་རླབས་གསར་བ་ཞིག་འཕྱུར། དུས་སྐབས་དེར་རྒྱ་གར་དུ་ཚད་མ་རིག་པ་དར་ནས་ཞིབ་འཇུག་གི་རྩེར་སོན་དུས་སྐབས་ལ་འཁེལ་ཡོད་པས། བོད་དུ་འགྱུར་པའི་ཚད་མ་རིག་པའི་སྐོར་གྱི་བསྟན་བཅོས་ནི། རྒྱལ་ཁབ་དང་མི་རིགས་གཞན་དུ་འགྱུར་བའི་ཚད་མའི་བསྟན་བཅོས་དང་བསྡུར་ན། རྣམ་པ་དང་ནང་དོན་གང་གི་ཆ་ནས་བལྟས་ཀྱང་ཕུན་སུམ་ཚོགས་ལ་འགྲན་ཐབས་མེད་པ་ཞིག་ཏུ་གྱུར་ཡོད་པ་ཀུན་ལ་གྲགས་པ་ལྟར་ལགས་སོ། །བོད་རྒྱ་གཉིས་སུ་ཡུན་རིང་གི་ནང་བསྟན་གཞུང་ལུགས་ཀྱི་ལོ་ཙཱ་དང་སློབ་སྦྱོང་གི་གོ་རིམ་ཁྲོད་ཚད་མའི་སྐོར་གྱི་གཞུང་ལུགས་ལོ་ཙཱ་དང་སློབ་སྦྱོང་དང་། ཞིབ་འཇུག  ཕན་ཚུན་ཉམས་མྱོང་བརྗེ་རེས། གཞུང་ལུགས་ཁ་སྐོང་སོགས་ཀྱི་ཐད་གྲུབ་འབྲས་མི་དམན་པ་བླངས་ཡོད་པ་འདིར་རྗོད་གཞིར་བཟུང་ནས་ཞུ་འདོད་པ་ཡིན་ནོ། །

དང་པོ། རྒྱ་ནག་འགྱུར་གཞུང་།

གཅིག ལེགས་སྦྱར་ལས་རྒྱ་ནག་སྐད་དུ་འགྱུར་བའི་གཞུང་།

ལོ་རྒྱུས་ཐོག་རྒྱ་ནག་དུ་ཚད་མའི་སྐོར་གྱི་འཕྲིན་ལས་དེ་འདྲ་མ་རྒྱས་མོད། ཡིན་ནའང་ཚད་མའི་བསྟན་བཅོས་འགྱུར་བའི་ལོ་རྒྱུས་ནི་བོད་ལས་སྔ་བ་ཡིན། ཐང་རྒྱལ་རབས་སྐབས་སུ་རྒྱ་ནག་ཏུ་ཚད་མའི་བསྟན་བཅོས་འགྱུར་བར་གྲགས་ཤིང་། སྐབས་དེར་འགྱུར་བའི་བསྟན་བཅོས་ནི་《ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པའི་སྒོ》དང་། 《ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་》གཉིས་ཡིན་པར་རྒྱ་ནག་གི་མཁས་པ་ཀུན་ཞལ་མཐུན་ནོ། །ཡོངས་གྲགས་སུ་ལེགས་སྦྱར་སྐད་ལས་རྒྱ་ནག་སྐད་དུ་འགྱུར་བའི་ཚད་མའི་བསྟན་བཅོས་ཀྱི་ཐོག་མ་ནི། 《ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པའི་སྒོ》 ཞེས་བྱ་བ་འདི་ཡིན་ལ། རྒྱ་ནག་སྐད་དུ་<因明正理门论>དང་།  ལེགས་སྦྱར་སྐད་དུ་< Hetuvidyā nyāya dvāra śāstra>ཞེས་ཞུ། བསྟན་བཅོས་འདི་རྒྱ་གར་གྱི་ནང་པའི་སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་བོས་(480-540)དུས་རབས་དྲུག་བའི་སྟོད་ཙམ་ལ་བརྩམས་ཤིང་། ཚད་མ་རིག་པའི་ལོ་རྒྱུས་ཁྲོད་ཆེས་སྐད་གྲགས་ཆེ་བའི་ཚད་མའི་བསྟན་བཅོས་ཤིག་ཏུ་གྱུར་ཡོད། ཐང་རྒྱལ་རབས་ཀྱི་སྐབས་ཏེ་སྤྱི་ལོ་(649)ལོར་ཐང་སན་བླ་མས་ལེགས་སྦྱར་སྐད་ལས་རྒྱ་ནག་སྐད་དུ་ཐོག་མར་བསྒྱུར་བ་དང་། སྐབས་དེར་ཁོང་གིས་བསྟན་བཅོས་འདིའི་ལོ་ཙཱ་དང་། མཆན་འགྲེལ། སློབ་ཁྲིད་སོགས་ཀྱི་བཀའ་དྲིན་མང་དུ་བསྐྱངས། ཕྱིས་སུ་ཧྲིན་ཐན་གྱིས་《ཚད་མ་རིགས་སྒོའི་འགྲེལ་བརྗོད་ཟིན་བྲིས་》ཞེས་པའི་བསྟན་བཅོས་ཀྱང་བརྩམས།  ཡོངས་གྲགས་སུ་ཐང་གི་སྐབས་རིགས་སྒོའི་འགྲེལ་བ་དྲུག་བདུན་ཙམ་ཡོད་པར་འདོད་ཀྱང་།  ཧྲིན་ཐན་གྱི་འགྲེལ་པ་འདི་མ་གཏོགས་གཞན་རྣམས་འཇིག་པར་བཤད། ཐང་གི་སྐབས་འཇར་པན་གྱི་སངས་རྒྱས་ཆོས་ལུགས་སྨྲ་བ་ཐང་ལ་སློབ་སྦྱོང་དུ་ཡོང་བ་དང་བསྟུན་ནས་འཇར་པན་དུ་ཚད་མ་དར། སྤྱི་ལོ་(1929)ལོར་འཇར་པན་གྱི་མཁས་པ་ཡུའུ་ཅིན་པོའོ་ཧྲིག་གིས་ཚད་མ་རིགས་སྒོ་བཤད་པ》ཞེས་པའི་རྩོམ་ཡིག་ཅིག་《རྒྱ་གར་མཚན་ཉིད་རིག་པ་ཞིབ་འཇུག་ཅེས་པའི་དུས་དེབ་ཐོག་སྤེལ་བ་དང་།  མཁས་པ་པཱོད་ཡུང་ཞེས་པས《ཚད་མ་རིགས་སྒོ་གསར་འགྲེལ》་ཞེས་པའང་མཛད།  སྤྱི་ལོ(1930)ལོར་དབྱི་ཏ་ལིའི་མཁས་པ་ཏུའུ་ཆིས་རིགས་སྒོ་དབྱིན་ཡིག་ཏུ་བསྒྱུར་རོ། །

དེང་དུས་རྒྱ་ནག་རང་དུའང་བསྟན་བཅོས་འདིར་ཞིབ་འཇུག་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་དེ། དཔེར་ན། རྒྱའི་ཚད་མ་རིག་པའི་ཆེད་མཁས་པ་བུའུ་ཧྲིག་ཁཱང་(巫寿康/1937-1989)དང་། ཧྲིན་ཅིན་ཡཱན(沈剑英/1932-)ཀྲིན་བེ་ཧྭོང(郑伟宏/1948-)སོགས་མཁས་པ་བྱུང་ཡོད། དེ་དག་གིས་བསྟན་བཅོས་འདིར་ཆེད་དུ་ཞིབ་འཇུག་བྱས་པའི་འབྲས་བུ་ཀྱང་མང་དུ་བྱུང་ཡོད་པ་དཔེར་ན། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་གཏན་ཚིགས་རིག་པའི་འབུམ་རམས་པ་བུའུ་ཧྲིག་ཁཱང་གིས་གཙོ་སྒྲིག་མཛད་པའི་《རིགས་སྒོ་ཞིབ་འཇུག》ཅེས་པའི་དུས་དེབ་དང་།      ཧྲིན་ཅན་ཡཱན་གྱིས་བརྩམས་པའི་《རིགས་སྒོའི་བསྒྱུར་འགྲེལ》 ཀྲིན་བེ་ཧྭོང་གིས་བརྩམས་པའི་《རིགས་སྒོའི་ཐད་འགྲེལ་》སོགས་མང་དུ་བྱུང་ཡོད་དོ། །

ལེགས་སྦྱར་སྐད་ལས་རྒྱ་ནག་སྐད་དུ་འགྱུར་བའི་ཚད་མའི་བསྟན་བཅོས་གཉིས་པ་ནི། 《ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ།》ཞུ་བ་འདི་ཡིན། འདི་ལ་རྒྱ་ནག་སྐད་དུ་<因明入正理论>དང་། ལེགས་སྦྱར་སྐད་དུ་<Nyāya praveśatāka śāstra>ཞེས་ཞུ། བསྟན་བཅོས་འདི་ནི་སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་བོའི་སློབ་མ་དབང་ཕྱུག་སྡེས་དུས་རབས་དྲུག་པའི་སྨད་ཙམ་ལ་བརྩམས་པར་གྲགས་ཤིང་། ཚད་མའི་ལོ་རྒྱུས་ཁྲོད་ཆེས་སྐད་གྲགས་ཆེ་བའི་བསྟན་བཅོས་ཤིག་ཏུ་གྱུར་ཡོད། ཐང་རྒྱལ་རབས་ཀྱི་སྐབས་སྟེ་སྤྱི་ལོ་(647)ལོར་ཐང་སན་བླ་མས་ཁྲང་ཨན་ཧོང་ཧྥོའུ་དགོན(弘福寺)དུ་ལེགས་སྦྱར་སྐད་ལས་རྒྱ་ནག་སྐད་དུ་བསྒྱུར། ཁོང་གི་དངོས་སློབ་ལོ་ཙཱ་བ་ཆེན་པོ་ཁེ་ཅི(窥基/632-682)ཡིས་《ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པའི་རྣམ་བཤད་》ཅེས་པའི་བསྟན་བཅོས་གླེགས་བམ་དྲུག་དང་། 《ཚད་མའི་བསྟན་བཅོས་རིགས་ལ་འཇུག་པའི་འཆད་ཟིན》ཞེས་པའི་གླེགས་བམ་གཅིག་མཛད་པ་སོགས་ལས་གནའ་དུས་སུ་བསྟན་བཅོས་འདིར་སློབ་སྦྱོང་དང་ཞིབ་འཇུག་གི་འཕྲིན་ལས་རྒྱས་པ་མཚོན་ཐུབ་བོ། །   

རྒྱལ་ནང་ལ་མཚོན་ན། ཡོངས་གྲགས་སུ་ལེགས་སྦྱར་སྐད་ཐོག་བརྩམས་པའི་བསྟན་བཅོས་ཀྱི་མ་གདན་དེ་འཇིག་ཟིན་པར་ངོས་བཟུང་ཡོད་མོད། ཡིན་ནའང་སྤྱི་ལོ་(1922)རྗེས་སུ་རྒྱལ་བ་པའི་གྲུབ་མཐའི་ནང་མ་ཡིག་ངོ་མ་དེ་ཇི་བཞིན་ཉར་ཚགས་དང་ཞིབ་འཇུག་བྱས་ཡོད་པ་གསལ་བོར་ཤེས། དུས་རབས་ཉེར་གཅིག་པའི་སྐབས་སུ་རྒྱལ་བ་པའི་སློབ་དཔོན་སེང་གེ་འཕགས་པ་བྱ་བས་《རིགས་འཇུག》་ལ་ཕྲ་ཞིང་ཞིབ་པའི་སྒོ་ནས་མཆན་འགྲེལ་བཏབ་ཡོད་པའི་རྩོམ་ཡིག་གལ་ཆེན་ཞིག་ཡོད་པ་གསལ་རྟོགས་བྱུང་ངོ་། །ཕལ་ཆེར་(1909-1910)བར་ལ་ཨུ་རུ་སིའི་མཁས་པ་མུས་ལོ་ནོ་ཧྥུའུ་བྱ་བས་བསྟན་བཅོས་འདིར་མཚམས་སྦྱོར་དང་དཔེ་བསྡུར་བྱས་པའི་རྩོམ་ཡིག་ཞིག་བྲིས་པ་《ནང་བསྟན་རིག་མཛོད་》དུ་བཀོད། རྩོམ་ཡིག་དེ་ཕྱིས་སུ་ཡོ་རུབ་ཀྱི་མཚན་ཉིད་རིག་པའི་མཁས་པ་མང་པོའི་མཉམ་འཇོག་ས་གཙོ་བོ་ཞིག་ཏུ་གྱུར་བས། དེ་ལ་བརྟེན་པའི་ཞིབ་འཇུག་གི་འབྲས་བུའང་མང་པོ་བྱུང་ངོ་། །དེང་དུས་ལ་མཚོན་ན། བསྟན་བཅོས་འདིར་སློབ་སྦྱོང་དང་ཞིབ་འཇུག་གི་ལས་དོན་སྔར་ལས་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་དེ། དཔེར་ན། ཁྲིན་ཏ་ཆི(陈大齐/1886—1983)ཡིས་བརྩམས་པའི་《རིགས་འཇུག་ལ་བརྟེན་ནས་རྟོགས་པ་སྐྱེ་ཚུལ་སྐོར་རགས་ཙམ་བཤད་པ》བྱ་བ་དང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་སུང་ལིས་ཏོ(宋立道 /1949-)ཡིས་བརྩམས་པའི་《རིགས་འཇུག་བསྒྱུར་མཆན་》སོགས་མང་དུ་བྱུང་ཡོད་དོ། །ལོ་རྒྱུས་ཡོངས་གྲགས་ལྟར་ན་རྒྱ་ནག་སྐད་དུ་འགྱུར་བའི་ཚད་མའི་བསྟན་བཅོས་ནི། ཐང་རྒྱལ་རབས་སྐབས་འགྱུར་བའི་《རིགས་སྒོ་》དང་《རིགས་འཇུག》་གཉིས་ཡིན་པ་གསལ་མོད། སྤྱིར་ལེགས་སྦྱར་སྐད་ལས་རྒྱ་ནག་སྐད་དུ་འགྱུར་བའི་ཚད་མའི་བསྟན་བཅོས་ཀྱི་ཐོག་མ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་《ཐབས་ཀྱི་སྙིང་བོའི་བསྟན་བཅོས་》བྱ་བ་འདི་ཡིན་འདུག་ལ། ནང་པ་སངས་རྒྱས་པས་བརྩམས་པའི་ཚད་མའི་བསྟན་བཅོས་ཀྱི་ཐོག་མའང་འདི་ཡིན་པར་སྣང་ངོ་། །བསྟན་བཅོས་འདི་ནི་སྤྱི་ལོ་(472)ཙམ་ལ་ལི་ཡུལ་གྱི་སློབ་དཔོན་ཀིངྐ་རས་(གཞོན་ནུའི་སྲོག)རྒྱ་ནག་སྐད་དུ་བསྒྱུར་པ་དང་། རྒྱ་ནག་ཏུ་བསྟན་བཅོས་འདི་ལ་དཔྱད་པ་ཞིབ་འཇུག་སོགས་མེད་པས་ཚད་མའི་བསྟན་བཅོས་ཀྱི་གྲས་སུ་བགྲངས་མེད་པ་འདྲ། རྒྱ་ནག་གི་ཡིག་ཆ་རྙིང་བ་རྣམས་སུ་ཀླུ་སྒྲུབ་ཀྱིས་མཛད་མིན་ལ་དོགས་གཞི་གནང་ཡོད་མོད།  བསྟན་བཅོས་འདི་ཀླུ་སྒྲུབ་ཀྱིས་མཛད་པའི་ཚད་མའི་བསྟན་བཅོས་ཡིན་པ་ནི། “མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་མཛད་བྱང་དུ་འཁོད་པའི་ཐབས་ཀྱི་སྙིང་བོར་ཚད་མ་རིག་པའི་སྐོར་གསལ་བར་མ་ཟད་མཁས་པ་ཨུ་ཨིའི་ཉམས་ཞིབ་ལ་གཞི་བཅོལ་ཏེ། ཏུ་ཅིས་ལེགས་སྦྱར་དུ་བསྐྱར་གསོ་གནང་བ་དང་འབྲེལ་སྔོན་བརྗོད་དུ་ཐེག་དམན་པས་བརྩམས་པར་བཤད་ཀྱང་། མཁས་པ་ཁ་ཆེ་ཡ་མས་ཀླུ་སྒྲུབ་ཀྱིས་མ་མཛད་པའི་རྒྱུ་མཚན་མེད་གསུངས”  ཅེས་པ་ལྟར་ཡོངས་གྲགས་སུ་ཀླུ་སྒྲུབ་ཀྱིས་མཛད་པར་བཞེད།

གཉིས། རྒྱ་ནག་སྐད་ལས་བོད་སྐད་དུ་འགྱུར་བའི་གཞུང་།

རྒྱ་ནག་སྐད་ལས་བོད་སྐད་དུ་འགྱུར་པའི་ཚད་མའི་བསྟན་བཅོས་ལ། གནའ་འགྱུར་དང་དེང་འགྱུར་གཉིས་ཡོད་དེ། གནའ་འགྱུར་ནི། 《ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ།》ཞུ་བ་འདི་ཡིན། བསྟན་བཅོས་འདི་ནི་དུས་རབས་བཅུ་གསུམ་པའི་ནང་བྱོན་པའི་འགྲོ་མགོན་འཕགས་པའི་ཞལ་སློབ་བཙུན་པ་སྟོན་གཞོན་དང་རྒྱའི་དགེ་བཤེས་སང་གྱང་ཇུས་(释向觉)གཉིས་ཀྱིས་བསྒྱུར། དུས་རབས་བཅུ་བཞི་པའི་དུས་མགོར་རྒྱའི་སུང་ལྷོ་མའི་རྒྱལ་རྒྱུད་དུ་འཁྲུངས་པའི་ལྷ་བཙུན་ཆོས་ཀྱི་རིན་ཆེན་(赵显/1271-1323)གྱིས་འགྱུར་བཅོས་མཛད་དེ་གཏན་ལ་ཕབས་པ། སྡེ་དགེ་དང་། པེ་ཅིན། སྣར་ཐང་བཅས་ཀྱི་བསྟན་འགྱུར་གྱི་པར་མའི་ཚད་མའི་སྡེ་ཚན་གྱི་པོད་རྟགས་“ཅེ་”ཡི་ནང་བཞུགས་སོ། །བོད་དུ་བསྟན་བཅོས་འདི་ལ་འགྱུར་མི་འདྲ་བ་གཉིས་བྱུང་ཡོད་དེ། རྒྱ་ནག་སྐད་ལས་བོད་སྐད་དུ་འགྱུར་བ་ཞིག་དང་ལེགས་སྦྱར་སྐད་ལས་བོད་སྐད་དུ་འགྱུར་བ་ཞིག་སྟེ་གཉིས་ཡོད། སྔ་མ་ནི་“རྒྱའི་སྐད་དུ། གཡིན་མིང་གཞེའ་ཅིང་ལིའི་ལུན(因明学入正理论)། བོད་སྐད་དུ། ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་ཞེས་བྱ་བ།” ཞེས་དང་། བསྟན་བཅོས་ཀྱི་མཇུག་ཏུ་“ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས་མཛད་པ་རྫོགས་སོ། །” ཞེས་དང་། སྦྱར་བྱང་དུ་“རྒྱ་གར་ལས་རྒྱའི་ལོ་ཙཱ་པ་ཐང་སཾ་ཙང་གིས་བསྒྱུར་ཅིང་སླད་ཀྱི་རྒྱའི་དགེ་བཤེས་སིང་གྱང་ཇུས་དང་། བོད་ཀྱི་དགེ་བའི་བཤེས་གཉེན་སྟོན་གཞོན་གྱིས་བོད་སྐད་དུ་བསྒྱུར་ཞིང་། ཕྱིས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་བ་ལས་རབ་ཏུ་བྱུང་བ་རྒྱ་ནག་ཆེན་པོའི་ལྷའི་བཙུན་པ་ཆོས་ཀྱི་རིན་ཆེན་གྱིས། དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་དུ་རྒྱའི་དཔེ་དང་བོད་ཀྱི་དཔེ་གཉིས་པོ་ལེགས་པར་གཏུགས་ཤིང་བཅོས་ཏེ་དག་པར་བསྒྱུར་པའོ། །རྒྱའི་དཔེ་ལ་རིགས་པ་འཇུག་པ་ཞེས་སྣང་། དེང་སང་བོད་པ་རྣམས་རིགས་པའི་སྒོ་ཞེས་གྲགས་སོ། །”ཞེས་བཀོད་ཡོད་དོ། ། ལེགས་སྦྱར་སྐད་ལས་བོད་སྐད་དུ་འགྱུར་པ་ནི། ཕལ་ཆེར་དུས་རབས་བཅུ་བཞི་པའི་ནང་ལོ་ཆེན་གྲགས་པ་རྒྱལ་མཚན་དང་ཁ་ཆེའི་པཎྜི་ཏ་ཐམས་ཅད་མཁྱེན་པ་དཔལ་སྲུང་བ་གཉིས་ཀྱིས་ལེགས་སྦྱར་སྐད་ལས་བོད་སྐད་དུ་བསྒྱུར། བསྟན་བཅོས་ཀྱི་དབུར། “རྒྱ་གར་སྐད་དུ། ནྱ་ཡ་པྲ་བེ་ཤ་ན་མ་པྲ་མཱ་ཎི་པྲ་ཀ་ར་ཎི། བོད་སྐད་དུ། ཚད་མ་རིགས་པར་འཇུག་པའི་སྒོ་ཞེས་བྱ་བའི་རབ་ཏུ་བྱེད་པ་བཞུགས”ཞེས་དང་། སྦྱར་བྱང་དུ་“རིགས་པར་འཇུག་པའི་སྒོ་སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས་མཛད་པ་རྫོགས་སོ། །ཁ་ཆེའི་པཎྜི་ཏ་ཆེན་པོ་ཐམས་ཅད་མཁྱེན་དཔལ་བསྲུང་པ་ལས། ཤཱཀྱའི་དགེ་སློང་གྲགས་པ་རྒྱལ་མཚན་དཔལ་བཟང་པོས། དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་བསྒྱུར་བའོ། །”ཞེས་འཁོད་འདུག བསྟན་བཅོས་འདི་ནི་པེ་ཅིན་དང་སྣར་ཐང་པར་མའི་བསྟན་འགྱུར་གྱི་ཚད་མའི་སྡེ་ཚན་གྱི་པོད་རྟགས་“ཅེ་”ནང་བཞུགས་སོ། །དེང་འགྱུར་ལ་གཉིས་ཡོད་དེ། དང་པོ་ནི་《ཐབས་ཀྱི་སྙིང་བོའི་བསྟན་བཅོས་》ཞུ་བ་འདི་ཡིན། བསྟན་བཅོས་འདི་ནི་བཞག་པ་རིན་པོ་ཆེ་འཇམ་དབྱངས་མཁས་གྲུབ་ཀྱིས་བོད་སྐད་དུ་བསྒྱུར་བ་《མཚོ་སྔོན་མི་རིགས་སློབ་ཆེན་རིག་གཞུང་དུས་དེབ་》(2013)ལོའི་དེབ་གསུམ་པའི་སྟེང་བཀོད་ཡོད། བསྟན་བཅོས་ཀྱི་དབུར་“རྒྱ་གར་སྐད་དུ། ཨུ་པཱ་ཡ་ཀཽ་ཤལྱ་ཧྲྀ་ད་ཡ་ཤཱསྟྲ། རྒྱ་ནག་སྐད་དུ་། ཧྥང་པེན་ཤིན་ལུན། (方便心论)བོད་སྐད་དུ། ཐབས་ཀྱི་སྙིང་པོའི་བསྟན་བཅོས། ཡང་ན། ཐབས་ལ་མཁས་པའི་སྙིང་པོའི་བསྟན་བཅོས།” ཞེས་བཀོད་འདུག་པ་དང་། བསྟན་བཅོས་ཀྱི་སྦྱར་བྱང་དུ་“ཐབས་ལ་མཁས་པའི་སྙིང་པོའི་བསྟན་བཅོས་བམ་པོ་དང་པོ་རྫོགས་སོ། །ལི་ཐང་བཞག་པ་སྐྱེ་མིང་པ་འཇམ་དབྱངས་མཁས་གྲུབ་ཀྱིས་སྤྱི་ལོ་2013ལོའི་ཟླ་བ་3ཚེས་13ཉིན་ལ་རྒྱ་ནག་སྐད་ལས་བོད་སྐད་དུ་མཇུག་རྫོགས་པར་བསྒྱུར་བའོ། །བསྟན་བཅོས་འདི་བསྒྱུར་སྐབས་རྒྱ་ནག་སྐད་ཀྱི་ཞུ་དག་པ་ནི།   རང་གི་སློབ་བུ་པེ་ཅིང་སློབ་ཆེན་གྱི་འབུམ་རམས་པ་དགེ་སློང་ཐུབ་བསྟན་ཡོན་ཏན་དང་། རམ་འབྱམས་པ་དགེ་སློང་ཐུབ་བསྟན་དཔལ་ལྡན་གཉིས་དང་།  གཞུང་ལུགས་རབ་འབྱམས་སྨྲ་བ་དགེ་སློང་ཐུབ་བསྟན་ཆོས་གྲགས་བཅས་སོ། །” ཞེས་བཀོད་འདུག་གོ །

གཉིས་པ་ནི《ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པའི་སྒོ་》ཡིན། བསྟན་བཅོས་འདི་ནི། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཚད་མའི་ཆེད་ལས་པ་དབང་དྲག་རྡོ་རྗེས་ཡོངས་སུ་བསྒྱུར་ཟིན་པ་དང་། དུམ་ཚན་གཅིག་རྒྱལ་ཡོངས་གཏན་ཚིགས་རིག་པ་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་《ཚད་མ》་ཞེས་པའི་ལོ་དེབ་བརྒྱད་པའི་སྟེང་བཀོད་ཡོད། ཁོང་གིས་བསྟན་འདི་བསྒྱུར་བར་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ལས་གཞིའི་མ་དངུལ་གྱི་རོགས་སྐྱོར་ཐོབ་ཡོད་ལ། མི་འགྱངས་བར་བསྟན་བཅོས་ཆ་ཚང་པར་དུ་འགོད་ཐུབ་པར་བཤད་དོ། །

དེས་ན་རྒྱ་ནག་སྐད་ལས་བོད་སྐད་དུ་འགྱུར་པའི་ཚད་མའི་བསྟན་བཅོས་ལ། དུས་རབས་བཅུ་གསུམ་ཡས་མས་སུ་འགྱུར་བའི་བསྟན་བཅོས་ནི་《ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་》གཅིག་པུ་ཡིན་པ་དང་། དུས་རབས་ཉེར་གཅིག་པ་སྟེ་དེང་གི་དུས་སུ་《ཐབས་ཀྱི་སྙིང་བོའི་བསྟན་བཅོས་》དང་《ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པའི་སྒོ་》གཉིས་བསྒྱུར་ཟིན་པ་འདིས། བོད་རྒྱའི་ཚད་མ་རིག་པའི་བསྟན་བཅོས་ཕན་ཚུན་ཁ་སྐོང་ཆ་ནས་གྲུབ་འབྲས་མི་དམན་པ་བླངས་ཡོད་པ་ཤེས་སོ། །

མཐའ་དཔྱད་པ་ལ། སྤྱིར་རྒྱ་ནག་སྐད་དུ་ཡོད་པའི་ཚད་མའི་བསྟན་བཅོས་ནི《རིགས་སྒོ་》དང་《རིགས་འཇུག་》གཉིས་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་ལགས་ཤིང་།   འདི་གཉིས་ནི་རྣམ་པ་ཐམས་ཅད་དུ་བསྟན་བཅོས་མི་འདྲ་བ་གཉིས་ཡིན་ཏེ། རྒྱ་འགྱུར་མ་ཡིག་ལྟར་ན་《རིགས་སྒོ་》ལ་ཡིག་འབྲུ་བདུན་སྟོང་ལྷག་ཡོད་པ་དང་། 《རིགས་འཇུག་》ལ་ཡིག་འབྲུ་ཉིས་སྟོང་ལྷག་ཡོད་པས་ཀྱང་ཤེས་ཐུབ། བོད་ཡིག་གི་བསྟན་འགྱུར་ཁྲོད་བཞུགས་པའི་《རིགས་སྒོ་》དང་《རིགས་འཇུག་》གཉིས་ནི་བསྟན་བཅོས་ཀྱི་མཚན་བྱང་མི་འདྲ་བ་ཙམ་ལས་དོན་གྱིས་བསྟན་བཅོས་གཅིག་ཡིན་ཏེ། ནང་དོན་དང་ལྡེབ་མ་སོགས་གང་གི་ཆ་ནས་བལྟས་ཀྱང་གཅིག་ཏུ་འདུག་པ་ཡིན་ཏེ། དཔེར་ན། སྣར་ཐང་པར་མ་གཞིར་བཟུང་ན། བསྟན་བཅོས་གཉིས་ཀར་ལྡེབ་རིང་དྲུག་རེ་ཡོད་པས་ཀྱང་ཤེས་སླ། བོད་ཀྱི་བསྟན་འགྱུར་ནང་བཞུགས་པའི་འགྱུར་མི་འདྲ་བའི་བསྟན་བཅོས་གཉིས་ལ་མཚོན་ན། རྒྱ་ནག་སྐད་ལས་བོད་སྐད་སྒྱུར་པ་དེ་ལ་《ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་ཞེས་བྱ་བ།》ཞེས་འབོད་པ་དང་། ལེགས་སྦྱར་སྐད་ལས་བོད་སྐད་དུ་བསྒྱུར་པ་དེ་ལ་《ཚད་མ་རིགས་པར་འཇུག་པའི་སྒོ་ཞེས་བྱ་བའི་རབ་ཏུ་བྱེད་པ་བཞུགས་སོ། །》ཞེས་བརྗོད་པ་སྟེ་བསྟན་བཅོས་གཅིག་ལ་ཞལ་བྱང་མི་འདྲ་བ་གཉིས་བྱུང་འདུག   ལྷ་བཙུན་ཆོས་ཀྱི་རིན་ཆེན་གྱིས་འགྱུར་བཅོས་མཛད་པའི་སྦྱར་བྱང་དུ་“རྒྱའི་དཔེ་ལ་རིགས་པ་འཇུག་པ་ཞེས་སྣང་། དེང་སང་བོད་པ་རྣམས་རིགས་པའི་སྒོ་ཞེས་གྲགས་སོ”ཞེས་གསུངས་འདུག་པ་ལས། ལྷ་བཙུན་ཁོང་ལ་རྒྱ་ནག་སྐད་ལས་བོད་སྐད་དུ་འགྱུར་བའི་《རིགས་སྒོ》ཞེས་པའི་བསྟན་བཅོས་དེ་《རིགས་འཇུག་》ཡིན་པ་ལས་《རིགས་སྒོ་》མ་ཡིན་པའི་བསམ་ཚུལ་བྱུང་མྱོང་བ་ཤེས་སོ། །

《རིགས་འཇུག་》མཛད་པ་པོའི་ཆ་ནས་རྒྱ་ནག་གི་ཐང་སན་བླ་མའི་འགྱུར་བྱང་དུ་སློབ་དཔོན་དབང་ཕྱུག་སྡེས་མཛད་པར་བཀོད་ཡོད་ལ། དེ་བོད་འགྱུར་མའི་འགྱུར་བྱང་དུ་སློབ་དཔོན་ཕྱོགས་གླང་གིས་མཛད་པར་བཀོད་ཡོད། ཡིན་ནའང་སྐབས་དེའི་རྒྱའི་ལོ་ཙཱ་བ་དང་ཕྱིས་ཀྱི་འགྱུར་བཅོས་གནང་མཁན་གྱི་རྒྱའི་མཁས་པས་ཀྱང་མཛད་པ་པོ་ཕྱོགས་གླང་ཡིན་པ་སོར་བཞག་བྱས་འདུག དེས་ན་ཕྱོགས་གླང་དང་དབང་ཕྱུག་སྡེ་གཉིས་ཀྱི་འབྲེལ་བ་ཅི་ཡིན་པ་དང་། ཡང་སྙིང་《རིགས་འཇུག་》མཛད་པ་པོ་སུ་ཡིན་ཤེས་རྒྱུ་དེ་ཤིན་ཏུ་གལ་ཆེ་བ་ཡིན།  ད་ལྟའི་ཚད་མ་རིག་པའི་ཞིབ་འཇུག་མཁས་པ་མང་ཆེ་བས་དབང་ཕྱུག་སྡེ་ནི་ཕྱོགས་གླང་གི་སློབ་མར་འདོད་པས་དེ་གཉིས་གང་ཟག་ཐ་དད་དུ་བཞེད་པ་དང་། 《རིགས་འཇུག་》མཛད་པ་པོ་ནི་དབང་ཕྱུག་སྡེ་ཡིན་པ་ལས་ཕྱོགས་གླང་མིན་པའི་ལྟ་བ་རྒྱུན་འབྱམས་སུ་སོང་ཡོད། ཝཱ་རཱ་ཎ་སིའི་སློབ་དཔོན་སེམས་རྡོར་གྱིས་“ད་ལྟ་ཧོར་བོད་རྒྱ་གར་སོགས་ལ་བཞུགས་པའི་ནང་པའི་བཀའ་བསྟན་དང་། དེ་དག་གི་ལོ་རྒྱུས་དང་། མཁས་པའི་རིམ་བྱོན་སོགས་ལ། ཕྱོགས་གླང་གི་སློབ་མར་གྱུར་བའི་དབང་ཕྱུག་སྡེ་ཟེར་བའི་སློབ་དཔོན་ཞིག་ཡོད་པར་མི་གསལ་ལ།”ཞེས་དང་། དུས་རབས་བདུན་པའི་ནང་བྱོན་པའི་རྒྱལ་བ་པ་སེང་བཟང་ལྷ་ལྡན་གྱིས་བརྩམས་པའི་རིགས་འཇུག་གི་འགྲེལ་བར། ཕྱོགས་གླང་གིས་མཛད་པར་བཤད་དོ། །

མདོར་ན། རྒྱ་གར་ལ་མཚོན་ན་ལོ་རྒྱུས་ལ་དེ་འདྲ་དོ་སྣང་མེད་པས་བསྟན་བཅོས་གྲགས་ཅན་སྐོར་ཞིག་གི་མཛད་པ་པོ་མི་གསལ་པ་དང་། ཡང་ན་ལྷ་སྒྲུང་དང་འདྲེས་པའི་གནད་དོན་ཡོད་པ་དཔེར་ན། 《མངོན་རྟོགས་རྒྱན་》མཛད་པ་པོ་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་བཞུགས་པའི་རྗེ་བཙུན་བྱམས་པ་ཡིན་པར་འདོད་པ་དང་། བྱམས་པའི་མིང་ཅན་གྱི་པཎྜི་ཏ་ཞིག་ཡིན་པར་འདོད་པ་ལྟ་བུ་མང་ངོ་། །ཡིག་ཆ་རྙིང་རྣམས་སུ་རིགས་འཇུག་མཛད་པ་པོ་དབང་ཕྱུག་སྡེ་ཡིན་པ་དང་དེ་ཕྱོགས་གླང་གི་སློབ་མ་ཞིག་ཡོད་པ་མི་གསལ། ཐང་སན་གྱི་རྒྱ་གར་ཡུལ་སྐོར་ལོ་རྒྱུས་ལས་ཀྱང་《རིགས་འཇུག་》གི་རྩོམ་པ་པོའི་ལོ་རྒྱུས་གླེང་སྐབས་ཕྱོགས་གླང་གི་ལོ་རྒྱུས་གླེང་ཡོད་པ་དང་མཛད་པ་པོ་བྱང་སེམས་རྒྱལ་བ་ཡིན་པར་བྲིས་ཡོད་དེ། 《རྒྱ་གར་གནས་སྐོར་གྱི་ལོ་རྒྱུས་》ལས་“རྒྱ་གར་ལྷོ་ནུབ་ཏུ་ཕལ་ཆེར་སྤྱི་ལེ་བཞི་ཙམ་སོང་པ་ན། རི་སྟོང་ཞིག་གི་རྩེ་ན་མཆོད་རྟེན་ཞིག་ཡོད་ལ། ས་ཆ་དེ་ཉིད་དུ་རིགས་འཇུག་འདི་བྱང་སེམས་རྒྱལ་བ་ཞེས་པའི་བདག་ཉིད་ཆེན་པོ་ཞིག་གིས་བརྩམས་པར་བཤད་དོ།”  ཞེས་གསུངས་པ་ལྟ་བུ། དེས་ན། དབང་ཕྱུག་སྡེ། བདེ་བྱེད་བདག་པོ། བྱང་སེམས་རྒྱལ་པ་སོགས་ནི་ཕྱོགས་གླང་གི་མིང་གི་རྣམ་གྲངས་ཡིན་སྲིད་པ་དང་། 《རིགས་འཇུག་》མཛད་པ་པོ་ནི་ཕྱོགས་གླང་ཡིན་པ་རིགས་པ་དུ་མས་གྲུབ་བོ། །

གསུམ། ལེགས་སྦྱར་སྐད་ཀྱི་མ་གདན།

རྒྱལ་ནང་གི་ཚད་མ་རིག་པའི་ཆེད་མཁས་པ་མང་ཆེ་བས་《ཚད་མའི་བསྟན་བཅོས་རིག་པ་ལ་འཇུག་པའི་སྒོ་》ཞེས་བྱ་བའི་བསྟན་བཅོས་འདི་ནི། ཐང་སན་བླ་མས་བསྒྱུར་བའི་《རིགས་སྒོ》་མ་གཏོགས་མེད་པ་དང་། ལེགས་སྦྱར་སྐད་ཀྱི་མ་ཡིག་དེ་སྔ་མོ་ཞིག་ནས་འཇིག་ཟིན་པའི་ལྟ་ཚུལ་བྱུང་ཡོད། བོད་རང་སྐྱོང་ལྗོངས་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་འགོ་ཁྲིད་ཚོགས་ཆུང་གིས་བོད་དུ་ཡོད་པའི་ཏ་ལའི་ལོ་མའི་དཔེ་ཆའི་དཀར་ཆག་བསྒྲིགས་པ་དང་བསྡུ་ཉར་དང་པར་སློག་བརྒྱབ་སྟེ། 《བོད་རང་སྐྱོང་ལྗོངས་ཏ་ལའི་ལོ་མའི་དཔེ་ཆ་ཀུན་བཏུས་པར་མ》ཞེས་པའི་དེབ་པར་དུ་བསྐྲུན་པ་དེའི་ཁྲོད་དུ།  པོ་ཏ་ལར་ཡོད་པའི་རིགས་སྒོའི་ལེགས་སྦྱར་མ་ཕྱིའང་པར་བརྒྱབ་ཅིང་དཀར་ཆག་ཏུ་འཁོད་པ། དཔེར་ན།  དཔེ་རྟགས(ZX0728-BG421)དང་།  ལེགས་སྦྱར་སྐད་དུ(Nyayamukharika) ཞེས་བྲིས་ཡོད་པ་དང་།  བོད་སྐད་དུ་ཚད་མ་རིགས་སྒོའི་ཚིག་ལེའུར་བྱས་པ་ཞེས་བྱ། ཡིག་གཟུགས་ངྷ་རི་ཀ་ཡིན་པ་དང་།  ལྡེབ་5། ཚང་། ཤོག་ལྷེའི་ཆེ་ཆུང་ལིའི་རྨིད་51.2×8.3ཙམ་ཡོད། ཅེས་གསལ་བ་འདིས་རིགས་སྒོའི་མ་ཡིག་ལེགས་སྦྱར་མ་མེད་པའི་ལྟ་བ་གཙང་སེལ་བྱས་ཡོད། རིགས་འཇུག་གི་ལེགས་སྦྱར་མ་གདན་ད་ལྟ་ཡོད་པ་གོང་དུ་ཞུས་ཟིན་པས་འདིར་བསྐྱར་བཤད་བྱ་མི་དགོས། 《རིགས་སྒོ་》ནི་ལེགས་སྦྱར་སྐད་ལས་བོད་སྐད་དུ་འགྱུར་པའི་བསྟན་བཅོས་ཤིག་བསྟན་འགྱུར་གྱི་པར་གཞི་གང་གི་ནང་དུའང་མེད་ནའང། བོད་ཀྱི་མཁས་པས་རིགས་སྒོ་ལས་ཞེས་ལུང་འདྲེན་བྱས་པ་དེ་རིགས་སྒོའི་ལུང་ཡིན་པ་རྒྱ་ནག་སྐད་ཀྱི་རིགས་སྒོ་དང་བསྡུར་ན་ཚིག་དོན་ཇི་བཞིན་ཡིན་པ་གསལ་རྟོགས་བྱུང་ཡོད་དེ།  རྒྱལ་ཚབ་རྗེའི་ཐར་ལམ་གསལ་བྱེད་དང་མཁས་གྲུབ་རྗེའི་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལ་སོགས་བོད་ཀྱི་ཚད་མའི་གཞུང་དུ་རིགས་སྒོ་ནས་ཞེས་ལུང་དྲངས་པ་དེ་དག་རིགས་འཇུག་རྒྱ་འགྱུར་མ་དང་བོད་འགྱུར་མ་གང་དུ་འང་མཐོང་རྒྱུ་མེད་པ། དཔེར་ན། ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས།   རིགས་སྒོར། རང་ཚིག་འགལ་བའི་དཔེར་བརྗོད་དུ། ངག་ཐམས་ཅད་རྫུན་ཡིན་ཞེས་དམ་བཅས་པ་དང་། ཁས་བླངས་དང་འགལ་བའི་དཔེར་བརྗོད་དུ་འུག་པ་བས་སྒྲ་རྟག་པར་དམ་བཅས་པ་བཀོད་པའི་ཕྱིར། ཞེས་པ་ལྟ་བུའི་མཚོན་ཐུབ།  དེས་ན་རིགས་སྒོའི་ལེགས་སྦྱར་མ་ཕྱི་དེ་བོད་དུ་རྙེད་ཡོད་མོད་དེའི་བོད་འགྱུར་མ་རྙེད་མོད། བོད་ཀྱི་མཁས་པས་རིགས་སྒོ་གཟིགས་མྱོང་ཡོད་པ་ཧ་ཅང་གསལ་བས། དོན་དངོས་སུ་ཁོང་རྣམ་པས་ལེགས་སྦྱར་ཐོག་གཟིགས་པའམ་དེ་ལས་གཞན་གང་ཡིན་ད་དུང་དབྱེ་ཞིབ་བྱ་དགོས་པའི་གནས་སོ། །

གཉིས་པ། བོད་ཀྱི་འགྱུར་གཞུང་།

གཅིག ལེགས་སྦྱར་སྐད་ལས་བོད་ཡིག་དུ་འགྱུར་བའི་གཞུང་།

ལེགས་སྦྱར་སྐད་ལས་བོད་ཡིག་དུ་འགྱུར་པའི་ཚད་གཞུང་ལ་མཚོན་ན། བཙན་པོ་ཁྲི་སྲོང་ལྡེ་བཙན(742-797)སྐབས་ནས་བསྟན་པ་ཕྱི་དར་བར་འགྱུར་བའི་བསྟན་བཅོས་ཤིན་ཏུ་མང་། དེ་ཡང་སྡེ་དགེ་པར་མ་གཞིར་བཟུང་ན་ཚད་མའི་སྐོར་ལ་དུམ་པ་ཉི་ཤུ་དང་བསྟན་བཅོས་རིགས་མི་འདྲ་བ་རེ་ལྔ་ལ་ལྡེབ་མ6414་བཞུགས་ལ། སློབ་དཔོན་ཕྱོགས་གླང་གིས་མཛད་པའི་《ཚད་མ་ཀུན་བཏུས་ཀྱི་འགྲེལ་བ་》གསེར་གྱི་གོ་ཆ་དང་དད་པ་ཤེས་རབ་གཉིས་ཀྱིས་བསྒྱུར་བ་དེ་དང་། 《ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་》ཐམས་ཅད་མཁྱེན་པ་དཔལ་སྲུང་བ་དང་རྒྱལ་མཚན་དཔལ་བཟང་པོ་གཉིས་ཀྱིས་ལེགས་སྦྱར་སྐད་ལས་ཐད་ཀར་བོད་སྐད་དུ་བསྒྱུར་བའི་བསྟན་བཅོས་འདི་གཉིས་སྡེ་དགེ་པར་མར་མི་བཞུགས་ཀྱང་། པེ་ཅིན་པར་མ་དང་སྣར་ཐང་པར་མའི་ཚད་མའི་སྡེ་ཚན་གྱི་དུམ་པ་“ཅེ་”ནང་བཞུགས་པས་ན། བོད་ཡིག་ཐོག་འགྱུར་པའི་ཚད་མའི་བསྟན་བཅོས་རེ་བརྒྱད་བཞུགས་སོ། །

གཤམ་དུ་སྡེ་དགེ་པར་མ་གཞིར་བཟུང་ནས་བསྟན་བཅོས་རེ་རེར་དབྱེ་ཞིབ་མདོ་ཙམ་ཞུ་ན། ཚད་མའི་སྡེ་ཚན་ལས་པོད་རྟགས་“ཅེ”ནང་བཞུགས་པ་ནི།

1. རྒྱ་གར་སྐད་དུ། པྲ་མཱ་ཎ་ས་མུ་ཙྪ་ཡ་ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། ཞེས་དང་། མཇུག་བྱང་དུ། ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་དྷ་ན་རཀྵི་ཏ་དང༌། །བོད་ཀྱི་ལོ་ཙྪ་བ་དགེ་བསྙེན་སེང་རྒྱལ་གྱིས་བསྒྱུར་ཅིང་ཞུས་པའོ།། །།འཇམ་པའི་མགོན་པོའི་བཀས་བསྐུལ་ཕྱོགས་ཀྱི་གླང་པོའི་བསྟན་བཅོས་རྒྱ་མཚོ་ལྟར་ཟབ་འདི། །རིགས་ལྡན་རྒྱལ་པོའི་བཀས་བསྐུལ་ནོར་བཟངས་སྲུང་མཛད་ཅེས་བྱེ་སྡེ་བདུན་བཤད་མཁན་དང༌། །གཟུས་ཆུང་སྟོན་པའི་བཀས་བསྐུལ་དགེ་བསྙེན་སེང་རྒྱལ་ཞེས་བྱ་ཞ་མ་ལོ་ཙྪས་བསྒྱུར། །དགེ་གང་བསོད་ནམས་བཀས་བསྐུལ་འགྲོ་ཀུན་རིགས་ལམ་ལ་གནས་བྱང་ཆུབ་མྱུར་ཐོབ་ཤོག། ། །ཅེས་བཀོད་འདུག ལྡེབ་མ1a1-13a7བཞུགས། ནང་དོན་ལ་མངོན་སུམ་གྱི་ལེའུ་ནས་ལྟག་གཅོད་བརྟག་པའི་ལེའུ་བར་ལེའུ་དྲུག་ཡོད་དོ། །

2.རྒྱ་གར་སྐད་དུ། པྲ་མཱ་ཎ་ས་མུཙྪཱ་ཡ་བྲྀཏྟི། བོད་སྐད་དུ། ཚད་མ་ཀུན་ལས་བཏུས་པའི་འགྲེལ་པ། ཞེས་དང་། མཇུག་བྱང་དུ། ཚད་མ་ཀུན་ལས་བཏུས་པའི་འགྲེལ་པ་རྩོད་པ་པ་ཆེན་པོ་ཤིན་ཏུ་ཕྲ་བའི་ཐུགས་མངའ་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བསུ་དྷ་ར་རཀྵི་ཏ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་བསྙེན་སེང་རྒྱལ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།འཇམ་པའི་མགོན་པོའི་བཀས་བསྐུལ་ཕྱོགས་ཀྱི་གླང་པོའི་བསྟན་བཅོས་རྒྱ་མཚོ་ལྟར་ཟབ་འདི། །རིགས་ལྡན་རྒྱལ་པོའི་བཀས་བསྐུལ་ནོར་འཛིན་སྲུང་བ་ཞེས་བྱ་སྟེ་བདུན་བཤད་མཁན་དང༌། །གཟུས་ཆུང་སྟོན་པའི་བཀས་བསྐུལ་དགེ་བསྙེན་སེང་རྒྱལ་ཞེས་བྱ་ཞ་མ་ལོ་ཙཱས་བསྒྱུར། །དགེ་གང་བསོད་ནམས་བཀས་བསྐུལ་འགྲོ་ཀུན་རིགས་ལམ་ལ་གནས་བྱང་ཆུབ་མྱུར་ཐོབ་ཤོག།། །།ཅེས་བཀོད་ཡོད། ལྡེབ་མ14a1-85b7བཞུགས། ནང་དོན་ལ་མངོན་སུམ་གྱི་ལེའུ་ནས་ལྟག་གཅོད་བརྟག་པའི་ལེའུ་བར་ལེའུ་དྲུག་ཡོད་དོ། །

3. རྒྱ་གར་སྐད་དུ། ཨཱ་ལཾ་བ་ན་པ་རཱཀྵི། བོད་སྐད་དུ། དམིགས་པ་བརྟག་པ། ཞེས་དང་། མཇུག་བྱང་དུ། དམིགས་པ་བརྟགས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་རྫོགས་སོ། །ཞེས་བཀོད་པ་ཙམ་ལས་ལོ་ཙཱ་བ་སོགས་མི་གསལ། ལྡེབ་མ86a1-86a5བཞུགས་སོ། །

4.རྒྱ་གར་སྐད་དུ། ཨཱ་ལཾ་བ་ན་པ་རཱིཀྵི་བྲྀཏྟི། བོད་སྐད་དུ། དམིགས་པ་བརྟག་པའི་འགྲེལ་པ། ཞེས་དང་། མཇུག་བྱང་དུ། དམིགས་པ་བརྟགས་པའི་འགྲེལ་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའོ། ། ཞེས་བཀོད་པ་ཙམ་ལས་ལོ་ཙཱ་བ་སོགས་མི་གསལ། ལྡེབ་མ86a5-87b2བཞུགས་སོ། །

5. རྒྱ་གར་སྐད་དུ། ཏྲི་ཀཱ་ལ་པ་རཱི་ཀྵ་ནཱ་མ། བོད་སྐད་དུ། དུས་གསུམ་བརྟག་པ་ཞེས་བྱ་བ། ཞེས་དང་། མཇུག་བྱང་དུ། དུས་གསུམ་བརྟག་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ཤཱན་ཏཱ་ཀ་ར་གུ་པ་ཏའི་ཞལ་སྔ་ནས་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ། །ཞེས་བཀོད་ཡོད། ལྡེབ་མ87b2-88b5བཞུགས་སོ། །

6.རྒྱའི་སྐད་དུ། གཡེན་མིང་གཞཻའ་ཅིང་ལིའི་ལུན། བོད་སྐད་དུ། ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་ཞེས་བྱ་བ། ཞེས་དང་། མཇུག་བྱང་དུ།ཚད་མའི་བསྟན་བཅོས་རིག་པ་ལ་འཇུག་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་ལས་རྒྱའི་ལོ་ཙཱ་བ་ཐང་སཾ་ཙང་གིས་བསྒྱུར་ཅིང་སླད་ཀྱིས་རྒྱའི་དགེ་བཤེས་སིང་གྱང་ཇུས་དང༌། བོད་ཀྱི་དགེ་བའི་བཤེས་གཉེན་སྟོན་གཞོན་གྱིས་བོད་སྐད་དུ་བསྒྱུར་ཞིང༌། ཕྱིས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལས་རབ་ཏུ་བྱུང་བ་རྒྱ་ནག་ཆེན་པོའི་ལྟའི་བཙུན་པ་ཆོས་ཀྱི་རིན་ཆེན་གྱིས། དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་དུ་རྒྱའི་དཔེ་དང་བོད་ཀྱི་དཔེ་གཉིས་པོ་ལེགས་པར་གཏུགས་ཤིང་བཅོས་ཏེ་དག་པར་བསྒྱུར་བའོ།། །།༄༅། །རྒྱའི་དཔེ་ལ་རིགས་པ་ལ་འཇུག་པ་ཞེས་སྣང༌། དེང་སང་བོད་རྣམས་རིགས་པའི་སྒོ་ཞེས་གྲགས་སོ། ། ཞེས་བཀོད་ཡོད། ལྡེབ་མ88b5-92b7བཞུགས་སོ། །

7.རྒྱ་གར་སྐད་དུ། ཧེ་ཏུ་ཙཀྲ་ཧ་མཱརྠ། བོད་སྐད་དུ། གཏན་ཚིགས་ཀྱི་འཁོར་ལོ་གཏན་ལ་དབབ་པ། ཞེས་དང་། མཇུག་བྱང་དུ། ཕྱོགས་ཆོས་དགུའི་འཁོར་ལོ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་རྫོགས་སོ།། །།ཟ་ཧོར་གྱི་མཁས་པ་བོ་དྷི་སཏྭ་དང༌། དགེ་སློང་དྷརྨ་ཨཱ་ལོ་ཀས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ། ། ཞེས་བཀོད་ཡོད། ལྡེབ་མ93a1-93a1བཞུགས་སོ། །

8.རྒྱ་གར་སྐད་དུ། པྲ་མཱ་ཎ་བཱར་ཏི་ཀཱ་ཀཱ་རི་ཀཱ། བོད་སྐད་དུ། ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ། ཞེས་དང་། མཇུག་བྱང་དུ། རྒྱ་གར་གྱི་མཁན་པོ་སུ་བྷཱུ་ཏི་ཤྲཱི་ཤནྟི་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར། དཔལ་ལྡན་དམ་པའི་ལས་ལ་མངོན་དགེས་པ། །སྨད་མེད་ཆེ་བའི་བདག་ཅན་རྒྱལ་པོ་མཆོག །དགེ་བའི་ཐུགས་མངའ་དེས་པ་ས་སྐྱོང་བ། །མི་ཡི་བདག་པོ་དབང་སྡེའི་བཀས་བསྐུལ་ནས། །བརྩོན་ལྡན་ལྷག་པར་དཔྱོད་ལྡན་འཆད་པ་པོ། །ཉན་པོ་རྒོལ་དང་ཕྱིར་རྒོལ་དོན་ངེས་དང་། །འབྲེལ་གཏམ་དགའ་སྟོན་རྒྱ་ཆེར་མྱོང་བྱའི་ཕྱིར། །འཛམ་གླིང་མཁས་པའི་རྒྱན་གྱུར་རྒྱན་འདི་བསྒྱུར། །ལྟ་ངན་ཀུན་སེལ་གཉིས་སུ་མེད་པ་ཡི། །དོན་དམ་རྣམ་དཔྱོད་ལྷུར་ལེན་བསྟན་བཅོས་འདི། །གཞུང་མང་དོན་དཀའ་སྒྲུབ་པར་དཀའ་ན་ཡང་། །འབྲས་བུ་ཆེ་ཕྱིར་འབད་པར་རིགས་པ་ཡིན། །ལོག་པའི་རྒྱུན་ཕྱོགས་རྗེས་སུ་གཞོལ་གྱུར་པ། །ལྟ་བ་ཆུ་བོ་བཟློག་པར་དཀའ་མོད་ཀྱི། །ཡང་དག་རིག(ས་)པས་ལེགས་པར་བརྡ་སྤྲད་ན། །འགའ་ཡི་ཡིད་ལ་ཅི་སྟེ་འབབ་མི་འགྱུར། །སྒྲ་དོན་གཉི་ག་ཉམས་སུ་བདེར་ལོན་ཏེ། །མུན་སྤྲུལ་གྱིས་ནི་མ་བསླད་ལེགས་བསྒྱུར་པ། །སྔོན་གྱི་སྒྱུར་བྱེད་དམ་པ་དེ་དག་གི །དྲི་ཙམ་བྲོ་བ་ད་ལྟ་ཁོ་བོར་ཟད། །དཔལ་ལྡན་ཁ་ཆེའི་རིག་པ་བའི། །གཙུག་གི་ནོར་དུ་སྐལ་ལྡན་ནི། །རྒྱལ་པོ་ཞེས་བྱ་ལ་ཐོས་ནས། །བློ་ལྡན་བཟང་པོས་འདི་བསྒྱུར་རོ། །གྲོང་ཁྱེར་ཆེན་པོ་དཔེ་མེད་ཀྱི་ཤར་ཕྱོགས་ན་ཡུལ་འཁོར་ལོ་འཛིན་པ་ཞེས་བྱ་བ། གྲུབ་པའི་གནས་སུ་གྲགས་པའི་འདབས། རྣམ་པར་རྒྱལ་བའི་ཞིང་ཞེས་བྱ་བར། ཁ་ཆེ་པཎྜི་ཏ་ཆེན་པོ་སྐལ་ལྡན་རྒྱལ་པོ་དང་བོད་ཀྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་པའོ། །དུས་ཕྱིས་སའི་སྟེང་ན་འགྲན་ཟླ་ཐམས་ཅད་དང་བྲལ་བའི་མཁས་པ་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ་ལ་སོགས་པ་རྣམས་དང་། ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་བཀོད་ཡོད། ལྡེབ་མ94a1-151a7བཞུགས། ནང་དོན། རང་དོན་རྗེས་དཔག་དང་། ཚད་མ་གྲུབ་པ། མངོན་སུམ། གཞན་དོན་རྗེས་དཔག་སྟེ་ལེའུ་བཞིས་གྲུབ་ཡོད། བསྟན་བཅོས་འདི་བོད་སྐད་དུ་བསྒྱུར་སྐབས་བོད་ཀྱི་ལོ་རྒྱུས་རིམ་བྱོན་གྱི་ལོ་ཙཱ་བས་འགྱུར་བཅོས་མང་དུ་བཏང་པ་སོགས་མཇུག་བྱང་དུ་གསལ་ལོ། །

9.རྒྱ་གར་སྐད་དུ། པྲ་མཱ་ཎ་བི་ནི་ཤྩ་ཡ། བོད་སྐད་དུ། ཚད་མ་རྣམ་པར་ངེས་པ། ཞེས་དང་། མཇུག་བྱང་དུ། དཔལ་ཆོས་ཀྱི་གྲགས་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་ཁ་ཆེའི་པཎྜི་ཏ་གཞན་ལ་ཕན་པ་བཟང་པོ་ལ་སོགས་པ་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས། ཁ་ཆེའི་གྲོང་ཁྱེར་དཔེ་མེད་དུ་བསྒྱུར་བའོ། །ཞེས་བཀོད་ཡོད། ལྡེབ་མ152a1-230a7བཞུགས། ནང་དོན། མངོན་སུམ་གཏན་ལ་དབབ་པ་དང་། རང་དོན་རྗེས་དཔག་རྣམ་པར་ངེས་པ། གཞན་དོན་རྗེས་དཔག་སྟེ་ལེའུ་གསུམ་གྱིས་གྲུབ་ཡོད་དོ། །

10.རྒྱ་གར་སྐད་དུ། ཉཱ་ཡ་བིན་དུ་ན་ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། རིགས་པའི་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། ཞེས་དང་། མཇུག་བྱང་དུ་རིགས་པའི་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་རྫོགས་སོ།། །།པཎྜི་ཏ་གཞན་ལ་ཕན་པ་བཟང་པོ་ལ་སོགས་པ་དང༌། བོད་ཀྱི་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།ཞེས་བཀོད་ཡོད། ལྡེབ་མ231a1-238a6བཞུགས། ནང་དོན། མངོན་སུམ་དང་། རང་དོན་རྗེས་དཔག གཞན་དོན་རྗེས་དཔག་སྟེ་ལེའུ་གསུམ་གྱིས་གྲུབ་ཡོད། མཛད་བྱང་སོགས་སུ་མཛད་པ་བོ་མི་གསལ་ཡང་། དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པར་ཀུན་ཞལ་མཐུན་ནོ། །

11.རྒྱ་གར་སྐད་དུ། ཧེ་ཏུ་བིན་དུ་ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། གཏན་ཚིགས་ཀྱི་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། ཞེས་དང་། མཇུག་བྱང་དུ་གཏན་ཚིགས་ཀྱི་ཐིགས་པ་སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝ་ར་མ་དང་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།ཞེས་བཀོད་ཡོད། ལྡེབ་མ238a7-255a1བཞུགས། ནང་དོན། གཏན་ཚིགས་སྤྱི་དང་། རང་བཞིན་གྱི་གཏན་ཚིགས། འབྲས་བུའི་གཏན་ཚིགས། མ་དམིགས་པའི་གཏན་ཚིགས་གསུམ་གྱིས་གྲུབ་ཡོད་དོ། །

12.རྒྱ་གར་སྐད་དུ། སཾ་བནྡྷ་པ་རཱིཀྵྀ་པྲ་ཀ་ར་ཎ། བོད་སྐད་དུ། འབྲེལ་བ་བརྟག་པའི་རབ་ཏུ་བྱེད་པ།ཞེས་དང་། མཇུག་བྱང་དུ་སློབ་དཔོན་མཁས་པ་ཆེན་པོ་ཆོས་ཀྱི་གྲགས་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང༌། ལོ་ཙཱ་བ་བནྡེ་ནམ་མཁས་བསྒྱུར། སླད་ཀྱི་པཎྜི་ཏ་རབ་འབྱོར་ཞི་བ་དང༌། ལོ་ཙཱ་བ་ཏིང་ངེ་འཛིན་བཟང་པོས་བཅོས་ཤིང་གཏན་ལ་ཕབ་པ། ། ཞེས་བཀོད་ཡོད། ལྡེབ་མ255a2-256a1བཞུགས་སོ། །

13.རྒྱ་གར་སྐད་དུ། སཾ་བནྡྷ་པ་རཱིཀྵྀ་པྲྀ་ཏྟི། བོད་སྐད་དུ། འབྲེལ་བ་བརྟག་པའི་འགྲེལ་པ།ཞེས་དང་། མཇུག་བྱང་དུ་འབྲེལ་བ་བརྟག་པ་ཞེས་བྱ་བའི་འགྲེལ་པ། སྨྲ་བའི་སེང་གེ་སློབ་དཔོན་ཆེན་པོ་ཆོས་ཀྱི་གྲགས་པས་མཛད་པ་རྫོགས་སོ།། །།ཞེས་བཀོད་ཡོད། ལྡེབ་མ256a2-261a7བཞུགས། ལོ་ཙཱ་བ་སུ་ཡིན་འགྱུར་བྱང་དུ་འཁོད་མེད་དོ། །

14.རྒྱ་གར་སྐད་དུ། པྲ་མཱ་ཎཱ་བ་ཏཱ་ར་ཏི་ཀ་བྲྀ་ཏྟི། བོད་སྐད་དུ། ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། ཞེས་དང་། མཇུག་བྱང་དུ་རིག་པ་ཆེན་པོ་སའི་སྟེང་མ་ལུས་པ་ན་སྨྲ་བའི་གླང་ངོ་ཆེའི་སྤྱི་བོ་གནོན་པར་མཛད་པའི་སེང་གེ་ཕྱོགས་མ་ལུས་པར་སྙན་པར་གྲགས་པ་ཅན། དཔལ་ཆོས་ཀྱི་གྲགས་པས་སྦྱར་བ་ལས། ཚད་མ་རྣམས་འགྲེལ་གྱི་ལེའུ་དང་པོའི་འགྲེལ་པ་རྫོགས་སོ།། །།ཞེས་བཀོད་ཡོད། ལྡེབ་མ261b1-365a7བཞུགས། ལོ་ཙཱ་བ་སུ་ཡིན་འགྱུར་བྱང་དུ་འཁོད་མེད་པ་གསལ། ནང་དོན། ལེའུ་དང་པོའི་འགྲེལ་བ་སྟེ་བམ་པོ་བཅུ་གཅིག་གིས་གྲུབ་ཡོད། ལོ་ཙཱ་བ་སུ་ཡིན་འགྱུར་བྱང་དུ་འཁོད་མེད་དོ། ། “ཆེ་”

15.རྒྱ་གར་སྐད་དུ། པྲ་མཱ་ཎཱ་བ་ཏཱ་ར་ཏི་ཀ་བྲྀ་ཏྟི། བོད་སྐད་དུ། ཚད་མ་རྣམ་འགྲེལ་གྱི་དཀའ་འགྲེལ། ཞེས་དང་། མཇུག་བྱང་དུ་སྨྲ་བ་ཆེན་པོ་སློབ་དཔོན་ལྷ་དབང་བློས་མཛད་པ་ཚད་མ་རྣམ་འགྲེལ་གྱི་དཀའ་འགྲེལ་རྫོགས་སོ།། །།བོད་ཀྱི་དཔལ་ལྷ་བཙན་པོ་ལྷ་བཙུན་པ་བྱང་ཆུབ་འོད་ཀྱི་བཀའ་ལུང་གིས། རྒྱ་གར་གྱི་མཁན་པོ་ཆེན་པོ་སུ་བྷུ་ཏི་ཤྲཱི་དང༌། སྒྲ་བསྒྱུར་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བའོ།། །།ཞེས་བཀོད་ཡོད། ལྡེབ་མ1a1-326b4བཞུགས། ནང་དོན། རྣམ་འགྲེལ་ལེའུ་གཉིས་པ་ནས་བཞི་པའི་བར་གྱི་འགྲེལ་བཞུགས། ལེའུ་གཉིས་པ་བམ་པོ་བཅུ་གཉིས་པ་ནས་ཉེར་གཉིས་པའི་བར་གྱིས་གྲུབ་ལ། ལེའུ་གསུམ་པ་བམ་པོ་ཉེར་གསུམ་པ་ནས་སོ་ལྔ་པའི་བར་གྱིས་གྲུབ། ལེའུ་བཞི་པ་བམ་པོ་སོ་དྲུག་པ་ནས་བཞི་ཅུ་པའི་བར་གྱིས་གྲུབ་ཡོད། པེ་ཅིན་དང་སྣར་ཐང་པར་མའི་ཞལ་བྱང་དུ་“དཀའ་འགྲེལ་”ཞེས་པའི་ཚིག་མེད་དོ། །

16.རྒྱ་གར་སྐད་དུ། བཱ་ད་ནྱ་ཡ་ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། རྩོད་པའི་རིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། ཞེས་དང་། མཇུག་བྱང་དུ་སློབ་དཔོན་ཆེན་པོ་དྷརྨ་ཀཱིརྟིའི་ཞལ་སྔ་ནས་ཀྱིས་མཛད་པ་རྩོད་པའི་རིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་རྫོགས་སོ།། །།དཔལ་ལྷ་བཙུན་པ་ཞིབ་འོད་ཀྱི་ཞལ་སྔ་ནས་དང༌། དཔལ་ལྷ་བཙན་པོ་ཁྲི་བཀྲ་ཤིས་མངའ་བདག་རྩེ་ལྡེ་བཙན་གྱི་ཞལ་སྔ་ནས་ཀྱི་བཀས། རྒྱ་གར་གྱི་མཁན་པོ་ཆེན་པོ་ཛྙཱ་ན་ཤྲཱི་བྷ་དྲའི་ཞལ་སྔ་ནས་དང་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། སླད་ཀྱིས་ཀྱང་པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་དང༑ ལོ་ཙཱ་བ་དགེ་སློང་དར་མ་གྲགས་ཀྱིས་ཞུས་ཤིང་གཏན་ལ་ཕབ་པའོ། །ཞེས་བཀོད་ཡོད། ལྡེབ་མ 326b6 -355b5བཞུགས་སོ། །

17.རྒྱ་གར་སྐད་དུ། སནྟ་ནཱ་ནྱ་ཏ་ར་སིདྡྷི་ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། རྒྱུད་གཞན་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། ཞེས་དང་། མཇུག་བྱང་དུ་རྒྱུད་གཞན་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་དྷརྨཱ་ཀཱི་རྟིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བའོ།། །།ཞེས་བཀོད་ཡོད། ལྡེབ་མ355b5-359b7བཞུགས་སོ། །“ཇེ”

18.རྒྱ་གར་སྐད་དུ། པྲ་མཱ་ཎ་བརྟི་ཀཱ་རི་ཀཱ། བོད་སྐད་དུ། ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། མགོ་བརྗོད་དུ་བཀོད་པའི་ཤཱཀྱ་བློའི་འགྲེལ་བ་འདི་ལ་སྟོད་སྨད་གཉིས་ཡོད་པ་དང་། སྟོད་ཆའི་ནང་རང་གི་དོན་གྱི་རྗེས་སུ་དཔག་པ་གྲུབ་པ་དེ་བམ་པོ་སོ་གཅིག་ཏུ་བསྡུས་འགྲེལ་ཡོད། ལྡེབ་མ1a1-ཉེ282a7བཞུགས་སོ། །“ཉེ”

སྨད་ཆའི་མཇུག་བྱང་དུ་སློབ་དབོན་ཤཱཀྱའི་བློས་སྦྱར་བ་ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་རྫོགས་སོ།། །།འདི་ནི་ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བའོ།། །།ཞེས་བཀོད་ཡོད། ལྡེབ་མ1a1-70b7བཞུགས། ནང་དོན་ལེའུ་ཕྱི་མ་རྣམས་ཀྱི་འགྲེལ་ཏེ་བམ་སོ་གཉིས་པ་ནས་རེ་གསུམ་པའི་བར་བསྡུས་ནས་འགྲེལ་ཡོད་དོ། །“ཏེ”

19.རྒྱ་གར་སྐད་དུ། པྲ་མཱ་ཎ་བརྟི་ཀ་ཨཱ་ལཾ་ཀཱ་ར། བོད་སྐད་དུ། ཚད་མ་རྣམ་འགྲེལ་གྱི་རྒྱན། མགོ་བརྗོད་དུ་བཀོད་པའི་ཤེས་རབ་འབྱུང་གནས་སྦས་པའི་འགྲེལ་བ་འདི་ལ་སྟོད་སྨད་གཉིས་ཡོད་པ་དང་། སྟོད་ཆའི་ནང་ཚད་མ་གྲུབ་པ་བམ་པོ་བདུན་དུ་བསྡུས་ནས་འགྲེལ་ཡོད། ལྡེབ་མ1a1-308a7བཞུགས་སོ། །“ཐེ”སྨད་ཆའི་མཇུག་བྱང་དུ་ཚད་མའི་བཤད་པ་ཆེན་པོ་རྣམ་འགྲེལ་གྱི་རྒྱན་སློབ་དཔོན་མཁས་པ་ཆེན་པོ་ཤེས་རབ་འབྱུང་གནས་སྦས་པའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།བམ་པོ་དྲུག་ཅུ་ལྷག་ཆད་མེད་པར་ཡོད་དོ། །ཁ་ཆེའི་མཁན་པོ་པཎྜི་ཏ་སྐལ་ལྡན་རྒྱལ་པོ་དང༌། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར། སླད་ཀྱིས་ཁ་ཆེའི་མཁན་པོ་པཎྜི་ཏ་ཀུ་མཱ་ར་ཤྲའི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་འཕགས་པ་ཤེས་རབ་ཀྱིས་ཞུས་ཤིང་བཅོས་ཏེ་གཏན་ལ་ཕབ་པ།། །།ཞེས་བཀོད་ཡོད། ནང་དོན་ལ་མངོན་སུམ་གྱི་ལེའུ་དང་ཁྱད་པར་དུ་གཞན་དོན་རྗེས་དཔག་དེ་བམ་པོ་བཅུ་དྲུག་ཏུ་བསྡུས་ནས་འགྲེལ་ཡོད། ལྡེབ་མ1a1-282a7བཞུགས་སོ། །“དེ”

20.རྒྱ་གར་སྐད་དུ། པྲ་མཱ་ཎ་བརྟི་ཀཱ་ལངྐ་ར་ཊཱི་ཀཱ། བོད་སྐད་དུ། ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད། མགོ་བརྗོད་དུ་བཀོད་པའི་རྒྱལ་བ་ཅན་གྱི་འགྲེལ་བ་འདི་ལ་སྟོད་སྨད་གཉིས་ཡོད་པ་དང་། སྟོད་ཆའི་ནང་ཚད་མ་གྲུབ་པའི་སྐོར་འགྲེལ་ཡོད། ལྡེབ་མ1a1-365a7བཞུགས་སོ། །

“ནེ”སྨད་ཆའི་མཇུག་བྱང་དུ་ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད་སློབ་དཔོན་རྒྱལ་བ་ཅན་གྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།བཅོམ་ལྡན་འདས་རིགས་གསུམ་མགོན་པོའི་སྤྲུལ་པ་བྱང་ཆུབ་སེམས་པའི་གདུང་རྒྱུད་མི་རྗེ་ལྷས་མཛད་པ་བོད་ཀྱི་ལྷ་བཙན་པོ་ཤཱཀྱའི་དགེ་སློང་ལྷ་བླ་མ་ཞི་བ་འོད་ཀྱི་ཞལ་སྔ་ནས་དང༌། བོད་ཀྱི་ལྷ་བཙན་པོ་དབང་ཕྱུག་དམ་པའི་མངའ་བདག་ཆེན་པོ་ཁྲི་བཀྲ་ཤིས་རྩེ་ལྡེ་བཙན་གྱི་ཞལ་སྔ་ནས། རྒྱལ་པོའི་ཡང་རྒྱལ་པོ་ཆེན་པོ་འཕྲུལ་གྱི་ལྷ་བཙན་པོ་ཁུ་དབོན་གྱི་བཀས། ཐུགས་དམ་སའི་སྙིང་པོ་ཐོ་ལིང་དཔལ་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ། རྒྱ་གར་གྱི་མཁན་པོ་དཔལ་བི་ཀྲ་མ་ལ་ཤཱིལའི་མཁས་པ་ཆེན་པོ་པཎྜི་ཏ་ཤྲཱི་དཱི་པཾ་ཀར་རཀྵི་ཏ་དང༌། ཞང་ཞུང་གི་ལོ་ཙཱ་བ་ཆེན་པོ་མང་འོར་བནྡེ་བྱང་ཆུབ་ཤེས་རབ་ཀྱིས་ནན་ཏན་སྙིང་པོར་བྱས་ནས་གཏན་ལ་ཕབ་པར་བསྒྱུར་བའོ།། །།བསྟན་བཅོས་འདིའི་གཞུང་གི་ཚད་ནི་བམ་པོ་དྲུག་ཅུ་ཡིན་ནོ།། །། ནང་དོན་ལ་མངོན་སུམ་གྱི་ལེའུ་དང་གཞན་དོན་རྗེས་དཔག་གི་ལེའུ་གཉིས་འགྲེལ་ཡོད། ལྡེབ་མ1a1-312a7བཞུགས་སོ། །“པེ”

21.ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། མཛད་བྱང་དང་འགྱུར་བྱང་མེད། (བྲམ་ཟེ་ཆེན་པོ། བོད་དོན་ལ་བདེ་བྱེད་དགའ་བོ།) ནང་དོན། བམ་པོ་དང་པོ་ནས་གསུམ་པའི་བར་མ་གཏོགས་མེད། ལྡེབ་མ1a1-293a7བཞུགས་སོ། །

22. རྒྱ་གར་སྐད་དུ། པྲ་མཱ་ཎ་བཱརྟི་ཀ་སྱྀ་བྲཏྟི་ནཱ་མ། བོད་སྐད་དུ། ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ཞེས་བྱ་བ། མགོ་བརྗོད་དུ་བཀོད་པའི་ཉི་མ་སྦས་པའི་འགྲེལ་བ་འདི་ལ་སྟོད་སྨད་གཉིས་ཡོད་པ་དང་། སྟོད་ཆའི་ནང་ལེའུ་གཉིས་པའི་དོན་དེ་བམ་པོ་བཅུ་གཉིས་སུ་ནས་འགྲེལ་ཡོད། ལྡེབ་མ293b1-398a7བཞུགས་སོ། །“ཕེ”

སྨད་ཆའི་མཇུག་བྱང་དུ་སློབ་དཔོན་ཆེན་པོ་ཤེས་རབ་འབྱུང་གནས་སྦས་པའི་སློབ་མ་སློབ་དཔོན་ཉི་མ་སྦས་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།ཞེས་པ་ཙམ་ལས་འགྱུར་བྱང་མི་གསལ། ནང་དོན། ལེའུ་གསུམ་པ་བམ་པོ་བཅུ་དགུ་རུ་བསྡུས་ནས་འགྲེལ་ཡོད། ལྡེབ་མ1a1-174a7བཞུགས།

23. རྒྱ་གར་སྐད་དུ། པྲ་མཱ་ཎ་པཱརྟི་ཀཱ་ལང་ཀ་ར་ཊཱི་ཀཱ་སུ་པ་རི་ཤུདྡྷ་ནཱ་མ། བོད་སྐད་དུ། ཚད་མ་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱ་བ། མགོ་བརྗོད་དུ་བཀོད་པའི་སློབ་དཔོན་ཛ་མཱ་རིས་མཛད་པ་འདི་ལ་དུམ་པ་བཞི་ཡོད། དང་པོའི་ནང་ལེའུ་དང་པོའི་སྐོར་འགྲེལ་ཡོད། ལྡེབ་མ174b1-287a7བཞུགས་སོ། །“བེ”

ཞལ་བྱང་དུ། ཚད་མ་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱ་བ། བཀོད་ཡོད་ལ། ནང་དོན། ལེའུ་དང་པོའི་སྐོར་འགྲེལ་ཡོད། ལྡེབ་མ1a1-261a7བཞུགས་སོ། །“མེ”

  ཞལ་བྱང་དུ། ཚད་མ་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱ་བ། བཀོད་ཡོད་ལ། ནང་དོན། ལེའུ་གཉིས་པའི་སྐོར་འགྲེལ་ཡོད། ལྡེབ་མ1a1-328a7བཞུགས་སོ། །“ཙེ”ཞལ་བྱང་དུ། ཚད་མ་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱ་བ། ཞེས་དང་། མཇུག་བྱང་དུ་དཔལ་མཁས་པ་ཛ་མཱ་རིས་སྦྱར་བ་ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་ཊཱི་ཀ །བམ་པོ་བརྒྱད་ཅུ་རྩ་གཉིས་པ་རྫོགས་སོ།། །།དཔལ་ལྡན་དབང་རྒྱལ་དབང་ཕྱུག་ལྟ་བུར་འབྱོར་ལྡན་ཀུན་ལ་ཁྱབ་པ་ཡི། །གྲགས་པ་གསལ་ལྡན་ཟླ་འདྲའི་གཞི་གྱུར་མཆོག་ཏུ་ཡང་དག་ལ་གནས་པ། །རབ་དང་ཡིད་ཅན་མཁས་པ་རྣམས་ཀྱིས་རྟག་པར་ཤིན་ཏུ་བརྗོད་བྱ་གང༌། །སེམས་ཅན་དོན་ལ་མངོན་པར་དགའ་བའི་སྔོ་མ་བརྩོན་དམ་པ་དེ་ཡི་ངོར། །བློ་བཟང་གང་ན་བློ་བཟང་བློ་གྲོས་བཟང་པོ་དང༌། །སྒྲ་སྒྱུར་རྣམས་ཀྱི་རྒྱན་གྱུར་བློ་ལྡན་བཟང་པོ་ཡིས། །རྣམ་འགྲེལ་དམ་པའི་རྒྱན་དུ་གྱུར་པའི་ཊཱི་ཀ་འདི། །གཉེ་ཐང་བྲག་སྣ་བཀྲ་ཤིས་གཙུག་ལག་ཁང་དུ་བསྒྱུར། །ཚད་མ་རྒྱན་གྱི་ཊཱི་ཀ་པཎྜི་ཏ་སུ་མ་ཏི་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། །། བཀོད་ཡོད། ནང་དོན། ལེའུ་བཞི་པའི་སྐོར་འགྲེལ་ཡོད། ལྡེབ་མ1a1-251a7བཞུགས་སོ། །“ཚེ”

24.ཞལ་བྱང་དུ་ཚུལ་གསུམ་པའི་རྟགས་ཤེས་ཀྱང་བརྗོད་པ་ལ་མི་མཁས་པའི་བྱིས་པ་ལ་བསྟན་པར་བྱ་བའི་ཕྱིར་ཚུལ་གསུམ་པའི་རྟགས་སྟོན་པར་བྱེད་པའི་མཚན་ཉིད་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་སྐབས་སུ་བབ་ནས་བཤད་པ། ཞེས་དང་། མཇུག་བྱང་དུ་སློབ་དཔོན་ཆོས་མཆོག་གིས་སྦྱར་བ་རྣམ་པར་ངེས་པའི་ཊཱི་ཀ་འཐད་ལྡན་ཞེས་བྱ་བ་རྫོགས་སོ།། །།བསྟན་བཅོས་ཆེན་པོའི་དོན་དང་ཚིག་ཏུ་བཅས། །ལེགས་རྟོགས་འགྲོ་ན་ཉི་བཞིན་གསལ་བྱེད་པ། །ཚུལ་ཁྲིམས་གཙང་མའི་དྲི་དང་ལྡན་པ་གང༌། །སློབ་དཔོན་ཆོས་མཆོག་རྟོག་གེ་ངན་འཇོམས་མཆོག །ཡང་དག་དོན་གསལ་ཚད་མའི་བསྟན་བཅོས་འདི། །ལེགས་བར་བསྒྱུར་ལས་བྱུང་བའི་བསོད་ནམས་གང༌། །དེས་ནི་ལོག་ལྟའི་རྒྱུན་ཕྱོགས་སྐྱེ་བོ་རྣམས། །ཡང་དག་རིགས་པའི་ལམ་དུ་འཇུག་པར་ཤོག །ཁ་ཆེའི་པཎྜི་ཏ་གཞན་ལ་ཕན་པ་བཟང་པོ་ལ་སོགས་པ་དང༌། བོད་ཀྱི་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་གྲོང་ཁྱེར་དཔེ་མེད་དུ་བསྒྱུར་བའོ།། །།ཅེས་བཀོད་ཡོད། ཡོངས་གྲགས་སུ་འཐད་ལྡན་ཆེ་བ་ཟེར། ལྡེབ་མ1a1-178a3བཞུགས་སོ། །

25. རྒྱ་གར་སྐད་དུ། པྲ་མཱ་ཎ་བི་ནི་ཤྩ་ཡ་ཊཱི་ཀཱ། བོད་སྐད་དུ། ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད། ཞེས་དང་། མཇུག་བྱང་དུ་སློབ་དཔོན་ཡེ་ཤེས་དཔལ་བཟང་པོའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།གནས་བརྟན་མཁས་པ་ཆེན་པོ་ཛྙཱན་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བརྩོན་འགྲུས་ཀྱིས་བསྒྱུར། ཁྱུང་པོ་མཚན་བཞི་ཁམས་ཟླ་ཧོར་ཐུག་གིས་སྦྱིན་པར་བྱ་བའི་ཆོས་རྣམས་ཉེ་བར་སྦྱར་ཞིང་གསོལ་བ་བཏབ་ནས། གཞུང་ཉེ་བར་སྦྱར་ཏེ་བརྩམས་ནས་བསྒྱུར་བ་ལགས་སོ།། །།ཞེས་བཀོད་ཡོད། ལྡེབ་མ178a3-295a7བཞུགས་སོ། །“ཛེ”

26. རྒྱ་གར་སྐད་དུ། ཕྲ་མཱ་ཎ་བི་ནི་ཤྩ་ཡ་ཊཱི་ཀཱ། བོད་སྐད་དུ། ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད། ཞེས་དང་། མཇུག་བྱང་དུ་སློབ་དཔོན་ཆོས་མཆོག་གིས་སྦྱར་བའི་ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད་ལས་ལེའུ་གཉིས་པའོ།། །།འདི་ལ་བམ་པོ་བཅུ་གཉིས་དང་ཚིགས་བཅད་སུམ་ཅུ་རྩ་གཉིས་ཡོད་དོ།། །།།ཞེས་པ་ཙམ་ལས་འགྱུར་བྱང་བཀོད་མེད། ནང་དོན། མངོན་སུམ་དང་། རང་དོན་རྗེས་དཔག་དང་གཞན་དོན་རྗེས་སྟེ་ལེའུ་གསུམ་དུ་བགོས་ནས་འགྲེལ་ཡོད། ཡོངས་གྲགས་སུ་འཐད་ལྡན་ཆུང་བ་ཟེར། ལྡེབ་མ1-289a7བཞུགས་སོ། །“ཝེ”

27. གར་སྐད་དུ། ན་ཡ་བིནྡུ་ཊཱི་ཀ །བོད་སྐད་དུ། །རིགས་པའི་ཐིགས་པའི་རྒྱ་ཆེར་འགྲེལ་པ། ཞེས་དང་། མཇུག་བྱང་དུ་རིགས་པའི་ཐིགས་པ་རྒྱ་ཆེར་འགྲེལ་པ་སློབ་མ་ལ་ཕན་པ་ཞེས་བྱ་བ་སློབ་དཔོན་དུལ་བའི་ལྷས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ། ཞེས་བཀོད་ཡོད། ནང་དོན། ལེའུ་གསུམ་ལ་འགྲེལ་བརྗོད་གནང་ཡོད། ། ལྡེབ་མ1-36b2བཞུགས་སོ། ། །

28. རྒྱ་གར་སྐད་དུ། ན་ཡ་བིནྡུ་ཊཱི་ཀཱ། བོད་སྐད་དུ། རིགས་པའི་ཐིགས་པའི་རྒྱ་ཆེར་འགྲེལ་བ། ཞེས་དང་། མཇུག་བྱང་དུ་རིགས་པའི་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཆོས་མཆོག་གིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དྷརྨ་ཨཱ་ལོ་ཀས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱི་རྟི་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་སླད་ཀྱི་ཡུལ་དབུས་ཀྱི་དཔེ་དང་གཏུགས་ཏེ་ལེགས་པར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་བཀོད་ཡོད། ནང་དོན། ལེའུ་གསུམ་ལ་འགྲེལ་གནང་ཡོད། ལྡེབ་མ36b2-92a2བཞུགས་སོ། །

29. རྒྱ་གར་སྐད་དུ། ན་ཡ་བིནྡུ་པཱུརྦ་པཀྵེ་སཾ་ཀྵིཔྟ། བོད་སྐད་དུ། རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་པ། ཞེས་དང་། མཇུག་བྱང་དུ་རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་པ། སློབ་དཔོན་མང་དུ་ཐོས་པ་ཀ་མ་ལ་ཤཱི་ལས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤུདྡྷ་སིཾ་ཧ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཏེ་གཏན་ལ་ཕབ་པའོ། །ཞེས་བཀོད་ཡོད། ལྡེབ་མ92a2-99a5བཞུགས་སོ། །

30. རྒྱ་གར་སྐད་དུ། ནཱ་ཡ་བིནྡུ་པིཎྜཱ་རྠཱ། བོད་སྐད་དུ། རིགས་པའི་ཐིགས་པའི་དོན་བསྡུས་པ། ཞེས་དང་། མཇུག་བྱང་དུ་རིགས་པའི་ཐིགས་པའི་དོན་བསྡུས་པ། །རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་ས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང༑ ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ། ཞེས་བཀོད་ཡོད། ལྡེབ་མ99b5-100b3བཞུགས་སོ། །

31.རྒྱ་གར་སྐད་དུ། ཧེ་ཏུ་བིནྡུ་ཌཱི་ཀ །བོད་སྐད་དུ། གཏན་ཚིགས་ཀྱི་ཐིགས་པ་རྒྱ་ཆེར་འགྲེལ་པ། ཞེས་དང་། མཇུག་བྱང་དུ་གཏན་ཚིགས་ཀྱི་ཐིགས་པའི་རྒྱ་ཆེར་འགྲེལ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙ་བརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་བབ་པ།། །།ཞེས་བཀོད་ཡོད། ནང་དོན། འབྲས་རང་མ་དམིགས་པའི་རྟགས་གསུམ་དང་གཏན་ཚིགས་ཀྱི་མཚན་ཉིད་དྲུག་པ་སོགས་འགྲེལ་ཡོད། ལྡེབ་མ100b3-181a7བཞུགས་སོ། །

32.རྒྱ་གར་སྐད་དུ། ཧེ་ཏུ་བིནྡུ་བི་བ་རཎ། བོད་སྐད་དུ། གཏན་ཚིགས་ཐིགས་པའི་འགྲེལ་པ། ཞེས་དང་། མཇུག་བྱང་དུ་གཏན་ཚིགས་ཐིགས་པའི་རྒྱ་ཆེར་འགྲེལ་པ་བྲམ་ཟེ་ཨ་ཙ་ཊས་རྣམ་པར་སྦྱར་བ་རྫོགས་སོ།། །།འཛམ་གླིང་སྙིང་པོ་ཁ་ཆེའི་གྲོང་ཁྱེར་དུ། །མཁས་པའི་སྙིང་པོ་ཆོས་ཀྱི་གྲགས་པའི་འགྲེལ། །དམ་ཆོས་སྙིང་པོ་ཚད་མ་བསྒྱུར་བ་ལས། །སྙིང་པོ་མེད་པ་རྣམས་ཀྱི་སྙིང་པོར་ཤོག།། །།ཞེས་བཀོད་ཡོད། ནང་དོན། འབྲས་རང་མ་དམིགས་པའི་རྟགས་གསུམ་དང་གཏན་ཚིགས་ཀྱི་མཚན་ཉིད་དྲུག་པ་སོགས་འགྲེལ་ཡོད། འགྱུར་བྱང་མི་གསལ། ལྡེབ་མ181b1-327a7བཞུགས་སོ། །“ཞེ”

33.རྒྱ་གར་སྐད་དུ། སཾ་བནྡྷ་པ་རཱི་ཀྵ་ཊཱི་ཀཱ། བོད་སྐད་དུ། འབྲེལ་བ་བརྟག་པའི་རྒྱ་ཆེར་བཤད་པ། ཞེས་དང་། མཇུག་བྱང་དུ་འབྲེལ་བ་བརྟག་པའི་རྒྱ་ཆེར་བཤད་པ། སློབ་དཔོན་དུལ་པའི་ལྷས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་ལོ་ཙཱ་བ་བནྡེ་ནམ་མཁས་བསྒྱུར་བའོ།། །།ཞེས་བཀོད་ཡོད། ལྡེབ་མ1-21b4བཞུགས་སོ། །

34. རྒྱ་གར་སྐད་དུ། སམྦ་མདྷ་པ་རཱིཀྵ་ཨ་ནུ་ས་ར། བོད་སྐད་དུ། འབྲེལ་བ་བརྟག་པའི་རྗེས་སུ་འབྲང་བ་ཞེས་བྱ་བ། ཞེས་དང་། མཇུག་བྱང་དུ་འབྲེལ་བ་བརྟག་པའི་འབྲེལ་བ་བརྟག་པའི་འགྲེལ་པ་བྲམ་ཟེ་ཤཾ་ཀ་རཱ་ནནྟས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་ཆེན་པོ་པ་ར་ཧེ་ཏའི་ཞབས་ལ་ཞུས་ནས། བོད་ཀྱི་སྒྲ་སྒྱུར་གྱི་ལོ་ཙཱ་བ་དགེ་སློང་དགའ་བའི་རྡོ་རྗེས་བསྒྱུར་བའོ།། །།ཞེས་བཀོད་ཡོད། ལྡེབ་མ21b4-35a3བཞུགས་སོ། །

35. རྒྱ་གར་སྐད་དུ། སནྟ་ནནྟ་ན་སིདྡྷི་ཊཱི་ཀཱ། བོད་སྐད་དུ། རྒྱུད་གཞན་གྲུབ་པའི་འགྲེལ་བཤད། ཞེས་དང་། མཇུག་བྱང་དུ་རྒྱུད་གཞན་གྲུབ་པའི་འགྲེལ་བཤད་སློབ་དཔོན་དུལ་བའི་ལྷས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤི་ཤུདྡྷ་སིཾ་ཧ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་བཀོད་ཡོད། ལྡེབ་མ35a3-51a3བཞུགས་སོ། །

36.རྒྱ་གར་སྐད་དུ་བཱ་ད་ནྱ་ཡ་བྲྀཏྟི་བི་པཉྫི་ཏཱརྠ་ནཱ་མ། བོད་སྐད་དུ། རྩོད་པའི་རིགས་པའི་འགྲེལ་པ་དོན་རྣམ་པར་འབྱེད་པ་ཞེས་བྱ་བ། ཞེས་དང་། མཇུག་བྱང་དུ་རྩོད་པའི་རིགས་པའི་འགྲེལ་པ་དོན་རྣམ་པར་འབྱེད་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཤཱནྟ་རཀྵི་ཏས་མཛད་པ་རྫོགས་སོ།། །།དཔལ་ཚངས་པའི་འབྱུང་གནས་བསམ་ཡས་ཀྱི་གཙུག་ལག་ཁང་དུ། །རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཤྲཱི་བྷ་དྲ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་འཕགས་པ་ཤེས་རབ་དང༌། འབྲོ་སེང་དཀར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་བཀོད་ཡོད། ལྡེབ་མ51a3-151a6བཞུགས་སོ། །

37.རྒྱ་གར་སྐད་དུ། བཱད་ནྱ་ཡ་ཊཱི་ཀ། བོད་སྐད་དུ། །རྩོད་པའི་རིགས་པའི་འགྲེལ་པ། ཞེས་དང་། མཇུག་ཏུ་དེ་ལྟ་ན་ཡང་དཔེར་ན་སའི་རྫས་ཀྱི་རྒྱུ་དང་འབྲས་བུར་འབྲེལ་བར་རྣམ་པར་གནས་པར་འགྱུར་བ་དེའི་ཚེ། སྔ་མའི་སའི་གོང་བུའི་རྫས་ནི་རྒྱུ་བྱེད་པ་ཡིན་ལ།། །།ཞེས་བཀོད་པ་ལས། བསྟན་འདི་རྩོམ་འཕྲོ་ལྟ་བུར་སྣང་ལ། མཛད་པ་པོ་དང་འགྱུར་བྱང་སོགས་ཀྱང་བཀོད་མེད་དོ། །ལྡེབ་མ151a6-175a3བཞུགས་སོ། །

38. རྒྱ་གར་སྐད་དུ། ཨ་ལཾ་བྷ་ན་པ་རཱི་ཀྵ་ཊཱི་ཀཱ། བོད་སྐད་དུ། དམིགས་པ་བརྟག་པའི་འགྲེལ་བཤད། ཞེས་དང་། མཇུག་བྱང་དུ་དམིགས་པ་བརྟག་པ་རྒྱ་ཆེར་བཤད་པ་སློབ་དཔོན་དུལ་བའི་ལྷ་ཤེས་བྱའི་དམིགས་པ་མཐའ་དག་ལ་གཞོལ་བ་སྨྲ་བའི་སེང་གེ་མུ་སྟེགས་ཅན་གླང་པོ་ཆེའི་གླང་པ་འགི་མས་པར་མཛད་པས་སྦྱར་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱཀྱ་སིཾ་ཧ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ་པའོ། ། ཞེས་བཀོད་ཡོད། ལྡེབ་མ175a3-187b5བཞུགས་སོ། །

39. རྒྱ་གར་སྐད་དུ། ན་ཡཱ་ལོ་ཀཱ་སིདྡྷི། བོད་སྐད་དུ། རིགས་པ་གྲུབ་པའི་སྒྲོན་མ། ཞེས་དང་། མཇུག་བྱང་དུ་རིགས་པ་གྲུབ་པའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཤྲཱི་སིཾ་ཧ་པྲ་བྷཱ་དང༌། ལོ་ཙཱ་བ་དགེ་སློང་བཻ་རོ་ཙ་ནས་བསྒྱུར་བའོ། །ཞེས་བཀོད་ཡོད། ལྡེབ་མ187b5-188b3བཞུགས་སོ། །

40. རྒྱ་གར་སྐད་དུ། སརྦ་ཛྙཱ་སིདྡྷི་ཀཱ་རི་ཀཱ། བོད་སྐད་དུ། ཐམས་ཅད་མཁྱེན་པ་གྲུབ་པའི་ཚིག་ལེའུར་བྱས་པ། ཞེས་དང་། མཇུག་བྱང་དུ་ཐམས་ཅད་མཁྱེན་པ་གྲུབ་པའི་ཚིག་ལེའུར་བྱས་པ། །སློབ་དཔོན་སྒྲ་སྲུངས་ཀྱིས་མཛད་པ་རྫོགས་སོ།། །།ཞེས་པ་ཙམ་ལས་འགྱུར་བྱང་བཀོད་མེད། ལྡེབ་མ188b3-189b2བཞུགས་སོ། །

41.རྒྱ་གར་སྐད་དུ། །བཱ་ཧྱ་རྠ་སིདྡྷི་ཀཱ་རི་ཀཱ་ནཱ་མ། བོད་སྐད་དུ། ཕྱི་རོལ་གྱི་དོན་གྲུབ་པ་ཞེས་བྱ་བའི་ཚིག་ལེའུར་བྱས་པ། ཞེས་དང་། མཇུག་བྱང་དུ་ཕྱི་རོལ་གྱི་དོན་གྲུབ་པ་ཞེས་བྱ་བའི་ཚིག་ལེའུར་བྱས་པ། །སློབ་དཔོན་དགེ་སྲུངས་ཀྱིས་མཛད་པ་རྫོགས་སོ།། །།ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཆེན་པོ་ཛི་ན་མི་ཏྲ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་རཱ་ཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་བཀོད་ཡོད། ལྡེབ་མ189b3-196b1བཞུགས་སོ། །

42.རྒྱ་གར་སྐད་དུ། ཤྲུ་ཏི་པ་རཱི་ཀྵ་ཀཱ་རི་ཀཱ། བོད་སྐད་དུ། ཐོས་པ་བརྟག་པའི་ཚིག་ལེའུར་བྱས་ལ། ཞེས་དང་། མཇུག་བྱང་དུ་ཐོས་པ་བརྟག་པའི་ཚིག་ལེའུར་བྱས་པ། །སློབ་དཔོན་དགེ་སྲུངས་ཀྱིས་མཛད་པ་རྫོགས་སོ།། །།ཞེས་པ་ཙམ་ལས་འགྱུར་བྱང་བཀོད་མེད། ལྡེབ་མ196b1-197a4བཞུགས་སོ། །

43. རྒྱ་གར་སྐད་དུ། ཨ་ནྱཱ་པོ་ཧ་བི་ཙ་ར་ཀཱ་རི་ཀཱ། བོད་སྐད་དུ། གཞན་སེལ་བརྟག་པའི་ཚིག་ལེའུར་བྱས་པ། ཞེས་དང་། མཇུག་བྱང་དུ་གཞན་སེལ་བརྟག་པའི་ཚིག་ལེའུར་བྱས་པ། །སློབ་དཔོན་དགེ་སྲུངས་ཀྱིས་མཛད་པ་རྫོགས་སོ།། །།ཞེས་པ་ཙམ་ལས་འགྱུར་བྱང་བཀོད་མེད། ལྡེབ་མ197a5-200a2བཞུགས།

44.རྒྱ་གར་སྐད་དུ། ཨཱི་ཤྭ་ར་བཱཾ་ག་ཀཱ་རི་ཀཱ། བོད་སྐད་དུ།དབང་ཕྱུག་འཇིག་པའི་ཚིག་ལེའུར་བྱས་པ། ཞེས་དང་། མཇུག་བྱང་དུ་དབང་ཕྱུག་འཇིག་པའི་ཚིག་ལེའུར་བྱས་པ། །སློབ་དཔོན་དགེ་སྲུངས་ཀྱིས་མཛད་པ་རྫོགས་སོ།། །།ཞེས་པ་ཙམ་ལས་འགྱུར་བྱང་བཀོད་མེད། ལྡེབ་མ200a2-201a2བཞུགས་སོ། །

45. རྒྱ་གར་སྐད་དུ། པྲ་མཱ་ཎ་པ་རཱིཀྵ། བོད་སྐད་དུ། ཚད་མ་བརྟག་པ། ཞེས་དང་། མཇུག་བྱང་དུ་ཚད་མ་བརྟག་པ་སློབ་དཔོན་ཆོས་མཆོག་གིས་མཛད་པ་རྫོགས་སོ།། །།དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ། ཞེས་བཀོད་ཡོད། ནང་དོན། བམ་པོ་གཉིས་ཡོད། ལྡེབ་མ201a2-221b4བཞུགས།

46.རྒྱ་གར་སྐད་དུ། ཕྲ་མཱ་ཎ་པ་རཱི་ཀྵ།བོད་སྐད་དུ། ཚད་མ་བརྟག་པ། ཞེས་དང་། མཇུག་བྱང་དུ་སློབ་དཔོན་ཆོས་མཆོག་གིས་མཛད་པ་ཚད་མ་བརྟག་པ་ཞེས་བྱ་བ་རྫོགས་སོ།། །།ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ། །ཞེས་བཀོད་ཡོད། ལྡེབ་མ221b4-236a3བཞུགས་སོ། །

47.རྒྱ་གར་སྐད་དུ། ཨ་པོ་ཧ་ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། གཞན་སེལ་བ་ཞེས་བྱ་བའི་རབ་ཏུ་བྱེད་པ། ཞེས་དང་། མཇུག་བྱང་དུ་སློབ་དཔོན་ཆོས་མཆོག་གིས་མཛད་པ་གཞན་སེལ་བ་ཞེས་བྱ་བའི་རབ་ཏུ་བྱེད་པ་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་སྐལ་ལྡན་རྒྱལ་པོ་དང༌། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ཁ་ཆེའི་གྲོང་ཁྱེར་དཔེ་མེད་དུ་བསྒྱུར་བའོ།། །།ཞེས་བཀོད་ཡོད།  ལྡེབ་མ236a3-246b1བཞུགས་སོ། །

48.རྒྱ་གར་སྐད་དུ། པཱ་ར་ལོ་ཀ་སིདྡྷ། བོད་སྐད་དུ། འཇིག་རྟེན་ཕ་རོལ་གྲུབ་པ། ཞེས་དང་། མཇུག་བྱང་དུ་འཇིག་རྟེན་ཕ་རོལ་གྲུབ་པ་ཞེས་བྱ་བ་སློབ་དཔོན་ཆོས་མཆོག་གིས་མཛད་པ་རྫོགས་སོ། །གྲོང་ཁྱེར་ཆེན་པོ་དཔེ་མེད་ཀྱི་དབུས་རཏྣ་ར་སྨིའི་གཙུག་ལག་ཁང་དུ་ཁ་ཆེའི་རྒྱལ་པོ་ཤྲཱི་ཧ་རི་ཤ་དེའི་སྐུ་རིང་ལ་ཁ་ཆེའི་པཎྜི་ཏ་ཆེན་པོ་སྐལ་ལྡན་རྒྱལ་པོ་དང༌། བོད་ཀྱི་སྒྲ་སྒྱུར་གྱི་ལོ་ཙཱ་བ་དགེ་སློང་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བའོ། ། ཞེས་བཀོད་ཡོད།  ལྡེབ་མ246b1-249b1བཞུགས་སོ། །

49.རྒྱ་གར་སྐད་དུ། པུསྟ་ཀ་པ་ཋོ་པ་ཡ། བོད་སྐད་དུ། གླེགས་བམ་བཀླག་པའི་ཐབས། ཞེས་དང་། མཇུག་བྱང་དུ་གླེགས་བམ་བཀླག་པའི་ཐབས་པཎྜི་ཏ་དཱ་ན་ཤཱི་ལས་རང་འགྱུར་དུ་མཛད་པ་རྫོགས་སོ།། །།ཞེས་བཀོད་ཡོད།  ལྡེབ་མ249b1-249b4བཞུགས་སོ། །

50.རྒྱ་གར་སྐད་དུ། ཀྵ་ཎ་བྷ་ག་སིདྡྷི། བོད་སྐད་དུ། སྐད་ཅིག་མ་འཇིག་པ་གྲུབ་པ། ཞེས་དང་། མཇུག་བྱང་དུ་སློབ་དཔོན་ཆོས་མཆོག་གིས་སྦྱར་བ་སྐད་ཅིག་མ་འཇིག་པ་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སྐལ་ལྡན་རྒྱལ་པོ་དང༌། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ། །ཞེས་བཀོད་ཡོད།  ལྡེབ་མ249b4-259a5བཞུགས་སོ། །

51.རྒྱ་གར་སྐད་དུ། ཀྵ་ཎ་བྷ་ག་སིདྡྷི་བ་ནཱ་མ། བོད་སྐད་དུ། སྐད་ཅིག་མ་འཇིག་པ་གྲུབ་པའི་རྣམ་པར་འགྲེལ་པ། ཞེས་དང་། མཇུག་བྱང་དུ་སློབ་དཔོན་བྲམ་ཟེ་མུ་ཏིག་བུམ་པས་མཛད་པ་སྐད་ཅིག་མ་འཇིག་པ་གྲུབ་པའི་རྣམ་པར་འགྲེལ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་ན་ཡ་ཀ་དང༌། ལོ་ཙཱ་བ་དགེ་སློང་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར་བའོ། ། ། ཞེས་བཀོད་ཡོད།  ལྡེབ་མ259a5-275a2བཞུགས་སོ། །

52.རྒྱ་གར་སྐད་དུ། ས་ཧ་ཨ་བ་ལམྦ་ནཱ་མ། བོད་སྐད་དུ། ལྷན་ཅིག་དམིགས་པར་ངེས་པ་ཞེས་བྱ་བ། ཞེས་དང་། མཇུག་བྱང་དུ་ལྷན་ཅིག་དམིགས་པར་ངེས་པར་གྲུབ་པ་ཞེས་བྱ་བ། རྩོད་པར་སྨྲ་བའི་མཆོག་སློབ་དཔོན་དཔལ་ཤེས་རབ་འབྱུང་གནས་སྦས་པའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།བལ་ཡུལ་གྱི་པཎྜི་ཏ་ཙ་ཧཾ་དུ་ཤཱན་ཏི་བྷ་དྲའི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙཱ་བ་འབྲོ་སེང་དཀར་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་བའོ། ། །ཞེས་བཀོད་ཡོད།  ལྡེབ་མ275a3-281a6བཞུགས་སོ། །

53.རྒྱ་གར་སྐད་དུ། ཨཱ་པོ་ཧ་སིདྡྷི། བོད་སྐད་དུ། སེལ་བ་གྲུབ་པ། ཞེས་དང་། མཇུག་བྱང་དུ་གཞན་སེལ་བ་གྲུབ་པ་དགེ་བསྙེན་དམ་པ། མཁས་པ་ཆེན་པོ་བྲམ་ཟེ་ཤཾ་ཀ་རཱ་ན་ནྡས་མཛད་པ་རྫོགས་སོ།། །།གྲོང་ཁྱེར་དཔེ་མེད་དུ་ཁ་ཆེའི་པཎྜི་ཏ་མ་ནོར་ཐ་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། །།ཞེས་བཀོད་ཡོད།  ལྡེབ་མ281a6-302b1བཞུགས་སོ། །

54.རྒྱ་གར་སྐད་དུ། པྲ་ཏི་བནྡྷ་སིདྡྷི། བོད་སྐད་དུ། འབྲེལ་བ་གྲུབ་པ། ཞེས་དང་། མཇུག་བྱང་དུ་འབྲེལ་བ་གྲུབ་པ་སློབ་དཔོན་མཁས་པ་ཆེན་པོ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས་པ་ཆོས་ཀྱི་གྲགས་པ་གཉིས་པ་ཞེས་འཇིག་རྟེན་ན་གཏམ་དུ་གྲགས་ཤིང་རྟོག་གེ་པ་ཕལ་བའི་གཞུང་འཇིག་པ་དང༌། ཐོགས་པ་མེད་པར་དོན་གྱི་དེ་ཁོ་ན་རྣམ་པར་འཇིག་པའི་བློའི་མཐུ་སྟོབས་ཀྱི་འགྲན་ཟླ་དང་བྲལ་བ། །བདེ་བར་གཤེགས་པའི་བསྟན་པ་ལ་གཅེས་སྤྲས་སུ་འཛིན་པས་ལེགས་པར་བཤད་པའི་རོ་མྱང་བ་ལ་སེམས་རྩེ་གཅིག་ཏུ་གཞོལ་བ་དགེ་བསྙེན་དམ་པ་ཤཾ་ཀ་རཱ་ན་ནྡ་མཛད་པ་རྫོགས་སོ། །པཎྜི་ཏ་སྐལ་ལྡན་རྒྱལ་པོ་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། །།ཞེས་བཀོད་ཡོད།  ལྡེབ་མ302b1-303a7བཞུགས་སོ། །

55.རྒྱ་གར་སྐད་དུ། །ཀཱ་ཏྱ་ཀ་ར་ཎ་བྷཱ་བ་སིདྡྷི། བོད་སྐད་དུ། །རྒྱུ་དང་འབྲས་བུའི་ངོ་བོ་གྲུབ་པ་ཞེས་བྱ་བ། ཞེས་དང་། མཇུག་བྱང་དུ་ཚིགས་སུ་བཅད་པ་བཅུ་གཅིག་གིས་བསྡུས་ནས་མངོན་སུམ་དང་མི་དམིགས་པ་རྣམ་པ་གསུམ་སྔོན་དུ་འགྲོ་བས་རྒྱུ་དང་འབྲས་བུའི་ངོ་བོ་གྲུབ་པ་ཞེས་བྱ་བ། མཁས་པ་ཆེན་པོ་ཛྙཱ་ན་ཤྲཱི་མི་ཏྲའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཀུ་མཱ་ར་ཀ་ལ་ཤ་དང༌། ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། །ཞེས་བཀོད་ཡོད།  ལྡེབ་མ303b1-306b4བཞུགས་སོ། །

56.རྒྱ་གར་སྐད་དུ། བི་ཛྙཱ་པ་ཏི་མཱ་ཏྲ་ཏཱ་སིདྡྷ་ནཱ་མ༑ བོད་སྐད་དུ། རྣམ་པར་རིག་པ་ཙམ་ཉིད་དུ་གྲུབ་པ་ཞེས་བྱ་བ། ཞེས་དང་། མཇུག་བྱང་དུ་རྣམ་པར་རིག་པ་ཙམ་ཉིད་དུ་གྲུབ་པ་ཞེས་བྱ་བ་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།བལ་ཡུལ་གྱི་པཎྜི་ཏ་ཤཱནྟི་བྷ་དྲའི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙཱ་བ་འབྲོ་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་བའོ། །སླད་ནས་པཎྜི་ཏ་ཆེན་པོ་དེ་ཉིད་དང༌། གློག་སྐྱ་ཤེས་རབ་བརྩེགས་ཀྱིས་གཏན་ལ་ཕབ་པ། །ཞེས་བཀོད་ཡོད།  ལྡེབ་མ306b4-309b4བཞུགས།

57. རྒྱ་གར་སྐད་དུ། ཨནྟར་བྱཱ་བ་ཏི། བོད་སྐད་དུ། ནང་གི་ཁྱབ་པ། ཞེས་དང་། མཇུག་བྱང་དུ་ནང་གི་ཁྱབ་པ་སློབ་དཔོན་ཆེན་པོ་མཁས་པ་དཔལ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཀ་ལ་ཤ་དང༌། དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་བའོ། །ཞེས་བཀོད་ཡོད། ལྡེབ་མ309b4-314a5བཞུགས་སོ། །

58.རྒྱ་གར་སྐད་དུ། ཧེ་ཏུ་ཏ་ཏྟྭ་ཨུ་པ་དེ་ཤ། བོད་སྐད་དུ། གཏན་ཚིགས་ཀྱི་དེ་ཁོ་ན་ཉིད་བསྟན་པ། ཞེས་དང་། མཇུག་བྱང་དུ་གཏན་ཚིགས་ཀྱི་དེ་ཁོ་ན་ཉིད་བསྟན་པ། མཁས་པ་ཆེན་པོ་ཛེ་ཏཱ་རིའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཀུ་མཱ་ར་ཀ་ལ་ཤ་དང༌། ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ་པ། །ཞེས་བཀོད་ཡོད།  ལྡེབ་མ314a5-321b2བཞུགས་སོ། །

59. རྒྱ་གར་སྐད་དུ། དྷརྨ་དྷ་རྨེ་བི་ནི་ཤྩ་ཡ། བོད་སྐད་དུ། ཆོས་དང་ཆོས་ཅན་གཏན་ལ་དབབ་པ། ཞེས་དང་། མཇུག་བྱང་དུ་ཆོས་དང་ཆོས་ཅན་གཏན་ལ་དབབ་པ་སློབ་དཔོན་ཛེ་ཏཱ་རིས་མཛད་པ་རྫོགས་སོ།། །།ཞེས་བཀོད་པ་ཙམ་ལས་འགྱུར་བྱང་མེད།  ལྡེབ་མ321b2-325b1བཞུགས་སོ། །

60. རྒྱ་གར་སྐད་དུ། བཱ་ལ་ཨ་བ་ཏཱ་ར་ཏ་རྐ་ནཱ་མ། བོད་སྐད་དུ། བྱིས་པ་འཇུག་པའི་རྟོག་གེ་ཞེས་བྱ་བ། ཞེས་དང་། མཇུག་བྱང་དུ་བྱིས་པ་འཇུག་པའི་རྟོག་གེ་ཞེས་བྱ་བ་སློབ་དཔོན་ཆེན་པོ་དགྲ་ལས་རྒྱལ་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ནཱ་ག་རཀྵི་ཏ་དང༌། བོད་ཀྱི་སུམ་པ་ལོ་ཙཱ་བ་དཔལ་མཆོག་དང་པོའི་རྡོ་རྗེས་བསྒྱུར་བའོ།། །།ཞེས་བཀོད་ཡོད།  ལྡེབ་མ325b1-336b2བཞུགས་སོ། །

61.རྒྱ་གར་སྐད་དུ། ཏརྐ་བྷཱ་ཥཱ། བོད་སྐད་དུ། རྟོག་གེའི་སྐད། ཞེས་དང་། མཇུག་བྱང་དུ་རྟོག་གེའི་སྐད་རྫོགས་སོ།། །།ཚུལ་འདི་ནི་གང་ཟག་དམ་པ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་ནང་དང་ཕྱིའི་གཞུང་ལུགས་དུ་མ་རྣམས་ལ་བྲོའི་སྣང་བ་ཆེར་རྒྱས་པ་སྒྲ་བསྒྱུར་གྱི་ལོ་ཙཱ་བ་དབང་དགེ་༄༅། །སློང་དཔལ་ལྡན་བློ་གྲོས་བརྟན་པས་པཎྜི་ཏ་ལ་མ་ལྟོས་པར་རང་ཉིད་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།འདིས་འགྲོ་བ་དཔག་ཏུ་མེད་པ་ལ་ཕན་པར་གྱུར་ཅིག། ཞེས་བཀོད་ཡོད།  ལྡེབ་མ336b2-369a1བཞུགས་སོ། །

62. རྒྱ་གར་སྐད་དུ། ཡུཀྟི་པྲ་ཡོ་ག་ནཱ་མ། བོད་སྐད་དུ། རིགས་པའི་སྦྱོར་བ་ཞེས་བྱ་བ། ཞེས་དང་། མཇུག་བྱང་དུ་དེ་ནི་ཡིད་བཞིན་ནོར་བུར་འགྱུར། །རིགས་པའི་སྦྱོར་བ་འཇུག་པ་ཉིད། །ཁ་ཆེ་ཡུལ་གྱི་མཁས་པོ་ཆེན་པོ་དངོས་གྲུབ་བརྙེས་པ་བྲམ་ཟེའི་སློབ་དཔོན་ཆེན་པོ་རིན་ཆེན་རྡོ་རྗེའི་ཞལ་སྔ་ནས་ཀྱིས་མཛད་པ་རིགས་པའི་སྦྱོར་བ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་དཔལ་རབ་འབྱོར་ཞི་བའི་ཞལ་སྔ་ནས་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཏིང་ངེ་འཛིན་བཟང་པོས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །།ཞེས་བཀོད་ཡོད།  ལྡེབ་མ369a1-369a7བཞུགས་སོ། །“ཟེ”

63. རྒྱ་གར་སྐད་དུ། ཏཏྟྭ་སཾ་གྲ་ཧ་ཀཱ་རི་ཀཱ། བོད་སྐད་དུ། དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ། ཞེས་དང་། མཇུག་བྱང་སློབ་དཔོན་ཞི་བ་འཚོའི་ཞལ་སྔ་ནས་ཀྱིས་མཛད་པ་དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ་རྫོགས་སོ།། །།གུ་གེ་ཡུལ་གྱི་དབེན་ས་རི་བོ་དགེ་གནས་ཕུན་ཚོགས་གླིང་དུ། རྒྱ་གར་གྱི་མཁན་པོ་དཔལ་གུ་ཎཱ་ཀ་ར་ཤྲཱི་བྷ་དྲའི་ཞལ་སྔ་ནས་དང༌། སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་དཔལ་ལྷ་བཙན་པོ་ཤཱཀྱའི་དགེ་སློང་ལྷ་བླ་མ་ཞི་བ་འོད་ཀྱི་ཞལ་སྔ་ནས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། གྲངས་ཅན་གཅེར་བུ་བྱེ་བྲག་པ་དང་རྒྱང་ཕན་རིག་པ་ཅན་དང་སངས་རྒྱས་དེ་དག་གི་ཕྱོགས་ནི། །ཆུ་ཀླུང་པ་དང་ཙ་ར་ཀ་དང་དུས་སྨྲ་སྤྱོད་པ་བརྡ་སྤྲོད་ཞི་བ་ཚངས་དང་སྣ་ཚོགས་ཚལ། །སྒྲ་ཡི་ཚངས་པ་རིག་བྱེད་མཐའ་དང་བྱེ་བྲག་སྨྲ་དང་མདོ་སྡེ་སེམས་ཙམ་དབུ་མ་དེ་དག་གི །བྱེ་བྲག་ལུང་བཅས་ཤེས་པའི་སྤྱོད་ཡུལ་གང་ཡིན་འདི་ནི་རྟོགས་ནས་འགྲོ་ལ་ཕན་ཕྱིར་བདག་གིས་བསྒྱུར།། །།ཞེས་བཀོད་ཡོད། ནང་དོན། རང་བཞིན་བརྟག་པ་ནས་གཞན་གྱི་དབང་པོ་ལས་འདས་པའི་དོན་མཐོང་བ་ཅན་གྱི་སྐྱེས་བུ་བརྟག་པའི་བར་སྟེ་བརྟག་པ་སུམ་ཅུ་བསྟན་ཡོད། ལྡེབ་མ1-133a7བཞུགས་སོ། །

64. རྒྱ་གར་སྐད་དུ། ཏཏྭ་སཾ་གྲ་ཧ་པཉྫི་ཀ །བོད་སྐད་དུ། དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ། ཞེས་དང་། ནང་དོན། རང་བཞིན་བརྟག་པ་ནས་སྒྲ་ཡི་རང་བཞིན་བརྟག་པའི་བར་སྟེ་བརྟག་པ་ཉེར་གཅིག་བསྟན་ཡོད།  ལྡེབ་མ133b1-363a7བཞུགས་སོ། །“འེ”

《དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་》གྱི་ཕྱི་མ་སྟེ་དུམ་པ་འདིའི་ནང་བརྟག་པ་ཉེར་གཉིས་པ་མངོན་སུམ་གྱི་མཚན་ཉིད་བརྟག་པ་ནས་སོ་གཅིག་པ་གཞན་གྱི་དབང་པོ་ལས་འདས་པའི་དོན་མཐོང་བ་ཅན་གྱི་སྐྱེས་བུ་བརྟག་པའི་བར་བསྟན་ཡོད། མཇུག་བྱང་དུ་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་སློབ་དཔོན་ཆེན་པོ་ཀ་མ་ལ་ཤཱི་ལས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་དེ་བེན་དྲ་བྷ་དྲ་དང༌། བོད་ཀྱི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར།། །།ཅེས་བཀོད་ཡོད།  ལྡེབ་མ1-331a7བཞུགས་སོ། ། “ཡེ”

65.གར་སྐད་དུ། བི་ཤཱ་ལཱ་ཨ་མ་ལ་ཝ་ཏི་ནཱ་མ་པྲ་མཱ་ཎ་ས་མུཙྪ་ཡ་ཊཱི་ཀཱ། བོད་སྐད་དུ། ཡངས་པ་དང་དྲི་མ་མེད་པ་ལྡན་པ་ཞེས་བྱ་བ་ཚད་མ་ཀུན་ལས་བཏུས་པའི་འགྲེལ་བཤད། ཞེས་དང་། མཇུག་བྱང་དུ་ཅེས་པ་ཡངས་པ་དང་དྲི་མ་མེད་པ་དང་ལྡན་པ་ཞེས་བྱ་བ་ཚད་མ་ཀུན་ལས་བཏུས་པའི་འགྲེལ་བཤད། །བྱང་ཆུབ་སེམས་དཔའི་ཡུལ་བ་སློབ་དཔོན་རྒྱལ་བའི་དབང་པོའི་བློ་གྲོས་ཀྱི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།ཤློ་ཀ་སྟོང་ཕྲག་དགུ་པའོ་ཞེས་རྒྱང་པའི་མཇུག་ཏུ་འབྱུང་ངོ༌། །ཚུལ་འདི་ནི་ཆོས་ཀྱི་རྗེ་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་ལེགས་པར་བཤད་པའི་སྲོལ་ལ་སོགས་པ་ལ་བརྟེན་ནས་ལེགས་པར་སྦྱར་བ་བརྡ་སྤྲོད་པའི་ཚུལ་ལ་བློའི་སྣང་བ་ཆེར་རྒྱས་པ། དབང་ལོ་ཙཱ་བ་དགེ་སློང་དཔལ་ལྡན་བློ་གྲོས་བསྟན་པས། པཎྜི་ཏ་ལ་མ་ལྟོས་པར་རང་ཉིད་ཀྱིས་རྒྱ་དཔེ་ལ་བལྟས་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ། ཅེས་བཀོད་ཡོད།  གཞུང་དོན་ལེའུ་དྲུག་ཏུ་བསྡུས་ནས་བསྟན་པ་དང་། ལྡེབ་མ1a1-314a7བཞུགས་སོ། །

གོང་དུ་འཁོད་པའི་ལེགས་སྦྱར་སྐད་ལས་བོད་སྐད་དུ་འགྱུར་པའི་བསྟན་བཅོས་དེ་དག་ནི། སྡེ་དགེ་དང་། པེ་ཅིན། སྣར་ཐང་གི་པར་གཞི་གསུམ་དཔྱད་གཞིར་བཟུང་ཞིང་། ཁྱད་པར་དུ་སྡེ་དགེ་པར་མ་གཞིར་བཟུང་ནས་དབྱེ་ཞིབ་བྱས་པ་ན། ཚད་མའི་སྐོར་ལ་པོད་ཉི་ཤུ་དང་བསྟན་བཅོས་མི་འདྲ་བ་རེ་ལྔ་ཡོད་ལ། པར་མ་འདིར་མེད་ཀྱང་པེ་ཅིན་དང་སྣར་ཐང་པར་མར་ཡོད་པ་《རིགས་སྒོ་》འགྱུར་མི་འདྲ་བ་དེ་བརྩིས་ན་བསྟན་བཅོས་གསུམ་ཡོད་པས། ལེགས་སྦྱར་སྐད་ལས་བོད་སྐད་དུ་འགྱུར་བའི་ཚད་མའི་བསྟན་བཅོས་མི་འདྲ་བ་རེ་བརྒྱད་ཡོད་པ་གསལ་ལོ། །

སྡེ་དགེ་པར་མ་གཞིར་བཟུང་ནས་ཞིབ་འཇུག་བྱེད་དུས། པོད་རྟགས་གང་དུ་བཞུགས་པ། ལེགས་སྦྱར་དང་བོད་སྐད་ཀྱི་བསྟན་བཅོས་ཀྱི་མཚན་དང་། མཛད་པ་པོ་དང་ལོ་ཙཱ་བ། ལྡེ་ངོས་དང་ཐིག་ཕྲེང་གང་དུ་ཡོད་པ།  བསྟན་བཅོས་ཀྱི་ཨང་གྲངས། རྩོམ་པ་པོ་དང་འགྱུར་བྱང་ཡོད་མེད་སོགས་གསལ་བོར་བཀོད་ཡོད་དོ། །

གཉིས། བོད་འགྱུར་ཚད་མའི་བསྟན་བཅོས་རྒྱ་ནག་སྐད་དུ་འགྱུར་བ།

གནའ་དུས་སུ་བོད་ཀྱི་ཚད་མ་རིག་པའི་སྐོར་གྱི་བསྟན་བཅོས་རྒྱ་ནག་སྐད་དུ་བསྒྱུར་བ་མི་སྣང་ལ། ཉེ་དུས་སུ་ལོ་ཙཱ་བ་ཆེན་པོ་བློ་བཟང་ཆོས་འཕགས་དང་ཧན་ཅིན་ཆིན་གཉིས་ཀྱིས་བསྒྱུར་པའི་བསྟན་དག་ཡོད་དོ། །

ལོ་ཙཱ་བ་ཆེན་པོ་བློ་བཟང་ཆོས་འཕགས་(法尊法师/1902年-1980年)ལགས་ཀྱི་སྐུ་ཚེའི་མཐའ་མཇུག་གི་ལོ་གཉིས་དང་ཕྱེད་ཀའི་ནང་ཚད་མའི་སྐོར་གྱི་བསྟན་བཅོས་གཉིས་བསྒྱུར་བ་དང་། 《ཚད་མ་ཀུན་བཏུས་ཀྱི་བསྡུས་འགྲེལ་》(释量论略解)ཞེས་པ་ཞིག་ཀྱང་བརྩམས། ཁོང་གིས་བསྒྱུར་པའི་བསྟན་བཅོས་གཉིས་ནི།

1.སློབ་དཔོན་ཕྱོགས་གླང་གིས་བརྩམས་པའི་《ཚད་མ་ཀུན་བཏུས།》(集量论)

2.དཔལ་ལྡན་ཆོས་གྲགས་ཀྱིས་བརྩམས་པའི་《ཚད་མ་རྣམ་འགྲེལ།》(释量论)ཡིན་ལ་ད་ལྟ་རྒྱལ་ནང་དུ་ལོ་ཙཱའི་ཆ་ནས་སྐད་གྲགས་ཆེན་པོ་ཆགས་ཡོད། ཧན་ཅིན་ཆིན་(韩镜清/1912--2003)ལགས་ཀྱིས་བསྒྱུར་པའི་ཚད་མའི་བསྟན་བཅོས་ནི་ཅུང་མང་ལ། ཁོང་གིས་བསྒྱུར་པའི་མ་རྩོམ་གྱི་ཁ་བྱང་《ལ་ཧན་ཅིན་ཆིན་གྱི་ལོ་ཙཱའི་མ་ཡིག》ཅེས་པ་བསྡོམས་པའི་དེབ་དགུ་ཡོད་པ་དེ(2010.7)ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ནང་དོན་གྱི་ཆ་ནས་ཚད་མ་དང་། དབུ་མ། བྱམས་ཆོས་སྐོར་གྱི་གཞུང་འདུག དེའི་ནང་ཚད་མའི་སྐོར་གྱི་བསྟན་བཅོས་ནི།

1. 《ཚད་མ་རྣམ་པར་ངེས་པ》།(决定量论 )

2. 《རྒྱུད་གཞན་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ》(为他续)   

3. 《འབྲེལ་བ་བརྟག་པའི་རབ་ཏུ་བྱེད་པ》(观相属颂)

4.《གཏན་ཚིགས་ཀྱི་འཁོར་ལོ་གཏན་ལ་དབབ་པ》(因相轮决择 )

5. 《དུས་གསུམ་བརྟག་པ་ཞེས་བྱ་བ》(观三时颂 )

6. 《རྩོད་པའི་རིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ》(诤“论正理”论 )

7. 《ཚད་མ་རྣམ་འགྲེལ་གྱི་འགྲེལ་བ》(解能量论  )

8. 《ཚད་མ་ཀུན་བཏུས》(集量论)

9. 《ཚད་མ་ཀུན་བཏུས་ཀྱི་འགྲེལ་བ》(集量论解说)

དེས་ན་ཉེ་དུས་སུ་བྱོན་པའི་རྒྱ་ནག་གི་ལོ་ཙཱ་པ་རྣམ་གཉིས་ཀྱིས་བོད་ཡིག་ལ་བརྟེན་ནས་ནག་སྐད་དུ་བསྒྱུར་པའི་ཚད་མའི་བསྟན་བཅོས་ལ་བཅུ་གཅིག་ཡོད་དོ། །

གསུམ་པ། སྤྱི་སྡོམ།

གོང་གསལ་གྱི་ཚད་མའི་བསྟན་བཅོས་རེ་ལྔ་བཞུགས་པ་དེ་དག་ནི། སྡེ་དགེའི་བསྟན་འགྱུར་པར་མ་གཞིར་བཟུང་པ་ཡིན་ལ། འདིར་མ་ཚུད་པའི་ཚད་མའི་བསྟན་བཅོས་དཔེར་ན། སློབ་དཔོན་ཕྱོགས་གླང་གིས་མཛ་པའི་《ཚད་མ་ཀུན་བཏུས་ཀྱི་འགྲེལ་བ》གསེར་གྱི་གོ་ཆ་དང་དད་པའི་ཤེས་རབ་གཉིས་ཀྱིས་བསྒྱུར་བ་པེ་ཅིན་པར་མའི་པོད་རྟགས་“ཅེ”ཡི་ནང་ལྡེབ་མ93b4-177a5ཡོད་པ་དང་། སྣར་ཐང་པར་མའི་པོད་རྟགས་“ཅེ”ནང་ལྡེབ་མ་96b5-180a2ཡོད་དོ། །སློབ་དཔོན་ཕྱོགས་གླང་གིས་མཛད་པའི་《ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་》ཞེས་བྱ་བ། ཐམས་ཅད་མཁྱེན་པ་དཔལ་སྲུང་བ་དང་། རྒྱལ་མཚན་དཔལ་བཟང་པོ་གཉིས་ཀྱིས་བསྒྱུར་བ། པེ་ཅིན་པར་མའི་པོད་རྟགས་“ཅེ”ཡི་ནང་ལྡེབ་མ180b2-184b6ཡོད་པ་དང་། སྣར་ཐང་པར་མའི་པོད་རྟགས་“ཅེ”ནང་ལྡེབ་མ་183b1-188a4ཡོད་དོ། །《འབྲས་བུའི་གཏན་ཚིགས་》པེ་ཅིན་པར་མའི་“ཅེ་”པོད་ནང་ལྡེབ་མ་347b6ཡོད་པ་དང་། 《མི་དམིགས་པའི་གཏན་ཚིགས་》པེ་ཅིན་པར་མའི་“ཅེ་”པོད་ནང་ལྡེབ་མ་349a8-357a3ཡོད། དེས་ན་ལེགས་སྦྱར་སྐད་ལས་བོད་སྐད་དུ་འགྱུར་པའི་བསྟན་བཅོས་རེ་བརྒྱད་ཡོད་པ་དང་། རྒྱ་ནག་སྐད་ལས་བོད་སྐད་དུ་འགྱུར་པའི་བསྟན་བཅོས་གསུམ་ཡོད་དོ། །གནའ་དུས་སུ་རྒྱ་ནག་སྐད་དུ་ཚད་མའི་བསྟན་བཅོས་ཤིག་འགྱུར་མེད་ལ། སྐབས་དེར་འགྱུར་བའི་བསྟན་བཅོས་《ཐབས་ཀྱི་སྙིངབོའི་བསྟན་བཅོས་》དང་《རིགས་འཇུག་》《རིགས་སྒོ་》གསུམ་གང་ཡིན་ཡང་རྟོག་གེའི་བསྟན་བཅོས་སམ་རྟགས་རིག་ཁོ་ན་ཡིན། རྒྱ་ནག་ཏུ་ཚད་མའི་བསྟན་བཅོས་འགྱུར་བའི་མགོ་ནི། རྒྱའི་ལོ་ཙཱ་བ་ཆེན་པོ་བློ་བཟང་ཆོས་ནས་མགོ་བརྩམས་པ་ཡིན་ལ། ཁོང་གིས་ཚད་མའི་བསྟན་བཅོས་གཉིས་དང་། ལོ་ཙཱ་བ་ཧན་ཅིན་ཆིན་གྱིས་བསྟན་བཅོས་དགུ་བསྒྱུར་པ་ལས་བཞི་ནི་ཚད་མའི་བསྟན་བཅོས་ཡིན། ད་ལྟ་རྒྱ་གར་གྱི་ཚད་མ་རིག་པའི་སྐོར་གྱི་བསྟན་བཅོས་བོད་དུ་ཡོད་པ་འདི་ལས་འཛོམས་པོ་ཞིག་འཛམ་གླིང་གི་ཡིག་རིགས་གང་གི་སྟེང་དུའང་མེད་པ་དང་། བོད་སྐད་ཀྱི་ཡིག་ཐོག་བཞུགས་པའི་ཚད་མའི་སྐོར་གྱི་བསྟན་བཅོས་ཆེ་ཆུང་རེ་བརྒྱད་ཡོད། དེ་དག་ལ་པོད་ཉི་ཤུ་དང་ལྡེབ་མ་6414ཡོད། རྒྱ་ནག་སྐད་དུ་བཞུགས་པའི་རྟོག་གེའི་བསྟན་བཅོས་གསུམ་ཡོད་པ་དེ་ལ་ཆེས་མང་ནའང་ལྡེ་150ལས་མི་འདུག དུས་ཕྱིས་ལོ་ཆེན་བློ་བཟང་ཆོས་འཕགས་སོགས་ཀྱིས་ཚད་མའི་བསྟན་བཅོས་འགའ་བསྒྱུར་བ་དེས་བོད་རྒྱའི་ཚད་མ་རིག་པའི་ཕན་ཚུན་ཁ་སྐོང་ལ་བྱས་རྗེས་ཆེན་པོ་བཞག་འདུག་གོ །མིག་སྔར་གྱི་གནས་ཚུལ་གཞིར་བྱས་ན། རྒྱ་ནག་སྐད་དུ་བཞུགས་པའི་རྟོག་གེའི་བསྟན་བཅོས་ཕལ་ཆེར་བོད་སྐད་དུ་བསྒྱུར་ཟིན་པ་དང་། བོད་ཀྱི་སྐད་ཐོག་བཞུགས་པའི་ཚད་མའི་བསྟན་བཅོས་རྒྱ་ནག་གི་སྐད་ཐོག་བསྒྱུར་རྒྱུ་དེ་ནི་དོན་ཆེན་ཞིག་ཡིན་ལ། ད་ལྟ་བསྒྱུར་ཟིན་པའི་གནས་ཚུལ་ལ་བརྟག་ན། ལས་དོན་དེ་ནི་མགོ་བརྩམས་མ་ཐག་པ་ཞིག་དང་ཀུན་ནས་མཚུངས་སོ། ། ད་དུང་ལས་དོན་གལ་ཆེན་ཞིག་ནི། ལེགས་སྦྱར་སྐད་ཀྱི་མ་ཡིག་དེ་དག་འཚོལ་བསྡུ་དང་ལེགས་སྒྲིག ཞིབ་འཇུག་བྱ་རྒྱུ་དེ་རེད། མིག་སྔར་རྒྱུས་ལོན་པ་ལྟར་ན་མ་ཡིག་དེ་དག་སྣར་ཐང་དང་། ས་སྐྱ། པོ་ཏ་ལ། སེ་ར། འབྲས་སྤུངས། ནོར་བུ་གླིང་ག་སོགས་ན་ཡོད་པར་བཤད་པ་དང་། གཞན་པེ་ཅིན་རྒྱལ་ཁབ་དཔེ་མཛོད་ཁང་དང་། གནའ་རྫས་གླིང་སོགས་ནའང་ཡོད་པར་བཤད་དོ། །


རྩོམ་སྒྲིག་པ།  བྱང་ཆུབ་རྒྱ་མཚོ། 

བརྒྱུད་འགོད།
0